གཙོ་ངོས། / ལེ་ཚན་གཞན། / ཀུན་མཁྱེན་ཆེན་པོ་མི་ཕམ་པདྨ་དཀར་པོའི་འདས་མཆོད་སྲུང་བརྩི་ཞུས་པ།

ཀུན་མཁྱེན་ཆེན་པོ་མི་ཕམ་པདྨ་དཀར་པོའི་འདས་མཆོད་སྲུང་བརྩི་ཞུས་པ།

རྗེས། སྔོན།
རྗེས། སྔོན།
བོད་ཟླ་བདུན་པའི་ཚེ་བཅོ་ལྔ་སྟེ་དེ་རིང་གི་ཉིན་མོ་འདི་ནི། མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་ཡང་སྙིང་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པའི་སྲོག་ཤིང་ཆེན་མོ། ཀུན་མཁྱེན་རྫོགས་པའི་སངས་རྒྱས་མི་ཕམ་པདྨ་དཀར་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་དགོངས་རྫོགས་མཆོད་འབུལ་གྱི་དུས་ཆེན་ཁྱད་པར་ཅན་ལ་ཁེལ་ཡོད་སྟབས། འདིར་མཆོད་པ་ཐམས་ཅད་ཀྱི་བླ་མ་སྒྲུབ་པའི་མཆོད་པའི་ཆ་ཤས་ཙམ་ལ་དམིགས་ནས། མཁས་གྲུབ་ཆེན་མོ་ཁོང་གི་ངོ་མཚར་རྨད་དུ་བྱུང་བའི་ལེགས་བཤད་ཁག་ལ་ཐོས་བསམ་དང་འཆད་ཉན་གྱི་ལྟེ་གནས། འཕགས་ཡུལ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རིའི་གཙུག་ལག་སློབ་གཉེེར་ཁང་ནས། ཡུལ་དུས་གནས་སྟངས་དང་བསྟུན་ཏེ་ཀུན་མཁྱེན་ཆེན་པོ་ཁོང་གི་གཞུང་ཆེན་ཁག་ལ་བགྲོ་གླེང་དང་། དམ་བཅའ་ཆེན་མོ་གོ་སྒྲིག་ཞུས་ཡོད།
དེ་ཡང་སྔ་དྲོའི་ཕྱག་ཚོད་བརྒྱད་པ་ནས་དབུ་བཙུགས་ཏེ། ལོ་འདིའི་དཔེ་ཁྲིད་དགེ་རྒན་རྣམ་པས་གཙོ་སྐྱོང་འོག །སློབ་གཉེར་པ་ངག་དབང་གཡང་འཕེལ་དང་། འཇིགས་མེད་ཐུབ་བསྟན། དཔལ་ལྡན་ཤེས་རབ། འཇིགས་མེད་དགེ་ལྡན། འཇིགས་མེད་བློ་བཟང་བཅས་ཀྱིས། དབུ་མ་པས་རྟག་ཆད་ཀྱི་མཐའ་གཉིས་སེལ་ཚུལ་དང་། ཆོས་འཁོར་རིམ་པ་གསུམ་གྱི་དོན་ལ་དཔྱད་པ། སྦྱོར་ལམ་གྱི་རྟོག་པ་བཞི་པོ་དགག་རྟོག་སྒྲུབ་རྟོག་གང་ཡིན་དཔྱད་པ། མཐོང་ལམ་གྱི་རྟེན་དང་སྐྱེ་ཚུལ་དང་སོགས་ལ་དཔྱད་པ། རྣམ་འབྱོར་མངོན་སུམ་དང་དུས་གསུམ་ལ་དཔྱད་པ་བཅས་ཀྱི་ཐད་ནས་ཆེད་རྩོམ་སྒྲོག་སྦྱང་གནངས་ཤིང་། སློབ་གཉེར་བའི་ཁོངས་ནས་དཔྱད་རྩོམ་དེ་དག་ལ་དྲི་བ་དྲིས་ལན་སོགས་ཀྱིས་བགྲོ་གླེང་ལྷུག་པོར་གནང་བ་དང་། ཉིན་རྒྱབ་དབུ་ཕར་གྱི་གཞུང་ཆེན་ཁག་ལ་དམ་བཅའ་ཆེན་མོ་ཚོགས་ཏེ་ལུང་རིགས་ཀྱི་བརྒལ་བརྟག་དང་བཅས་དུས་ཆེན་སྲུང་བརྩི་ལེགས་པར་གྲུབ་ཡོད།
དེ་ཡང་ཇི་སྐད་དུ། གསེར་དང་བོང་བ་མཉམ་པའི་འཕགས་མཆོག་ལ། །གླིང་བཞིའི་ཕུན་ཚོགས་བསྟབ་ཀྱང་ཅི་བགྱི་སྟེ། །དེ་ཡི་ཐུགས་ལ་བརྣག་པའི་ཆོས་བཟུང་ན། །དགོངས་པ་ཡོངས་སུ་རྫོགས་པར་འགྱུར་ཞེས་གྲགས། ། ཞེས་གསུངས་པ་བཞིན། མཁས་ཤིང་གྲུབ་པ་བརྙེས་པའི་ཚད་མའི་སྐྱེས་ཆེན་གང་དང་སུ་འདྲ་ཞིག་དགོངས་པ་རྫོགས་ནའང་། དགོངས་རྫོགས་མཆོད་འབུལ་ཆེས་མཆོག་ཏུ་གྱུར་པ་དེ་ནི་དམ་པ་དེའི་གསུང་རབ་ཁག་ལ་ཐོས་བསམ་དང་སྒོམ་བསྒྲུབ་བྱ་རྒྱུ་དེ་ཡིན་པར་ལྟར། ཀུན་མཁྱེན་ཆེན་པོའི་དགོངས་རྫོགས་མཆོད་འབུལ་དེའང་ཁོང་གི་ཐུགས་ཀློང་ནས་འཁྲུངས་པའི་ལེགས་བཤད་ཁག་ལ་འཆད་ཉན་དང་སྒོམ་སྒྲུབ་བྱ་རྒྱུ་ལས་གལ་ཆེ་བའི་དགོངས་རྫོགས་མཆོད་འབུལ་ཞིག་མེད་པར་སེམས་སོ།།

Check Also

བསླབ་པ་མཐར་སོན་གྱི་མཛད་སྒོ་ལེགས་གྲུབ་བྱུང་བ།

བོད་རྒྱལ་ལོ་ ༢༡༤༨ ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༠༤ ཕྱི་ཚེས་ ༡༤ ཉིན་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་ཁང་དུ། ངེས་པ་དོན་གྱི་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་རྟོགས་ལྡན་ཆོས་ཀྱི་བློ་གྲོས་མཆོག་དབུ་བཞུགས་ཐོག་འདི་ག་མཐོ་སློབ་ནས། སློབ་ཐོན་པའི་ཕྱག་ཁྱེར་དང་། ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར། ལོ་འཁོར་རྒྱུགས་སྤྲོད་རྩེར་སོན་རྣམས་ལ་གཟིགས་བཟོས་གསོལ་རས་གནང་བ་བཅས་ཀྱི་མཛད་སྒོ་སྟབས་གཅིག་ཏུ་བསྐྱངས་ཡོད། དེ་ཡང་སྔར་ལོ་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་མུ་མཐུད་ཁྱབ་བརྡལ་འགྲོ་བཞིན་པར་རྟེན། འདི་ག་མཐོ་སློབ་ཁང་གི་བསྟན་པའི་བདག་པོ། …

Show Buttons
Hide Buttons