གཙོ་ངོས། / དམིགས་ཡུལ།

དམིགས་ཡུལ།

གསར་དུ་བཞེངས་གྲུབ་པའི་འཕགས་ཡུལ་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་འདི་ནི། ༧དཔལ་རྒྱལ་བ་མདོ་ཁམས་བརྒྱད་པ་བསྐལ་བཟང་དོན་བརྒྱུད་ཉི་མ་མཆོག་གིས་ཐུགས་བསྐྱེད་དང་། ༧ དཔལ་རྒྱལ་བ་མདོ་ཁམས་དགུ་པ་ངེས་དོན་བཤད་སྒྲུབ་ཉི་མ་མཆོག་དང་། སྐྱབས་རྗེ་བདེ་བར་གཤེགས་པ་གྲུབ་དབང་རྡོ་རྫོང་རིན་པོ་ཆེ་རྣམ་གཉིས་ཀྱིས་ལམ་སྟོན་དང་དཔལ་འབྱོར་གྱི་མཐུན་འགྱུར་གནང་ཐོག །འདི་གའི་མཁན་ལས་རྣམ་པས་འབད་པ་ཆེད་བསྐྱེད་ཀྱིས་གསར་བཞེངས་གནང་བའི་ནང་བསྟན་གཙུག་ལག་སློབ་གཉེར་ཁང་ཞིག་ཡིན། སློབ་གཉེར་ཁང་འདི་གསར་བཞེང་དགོས་པའི་དམིགས་ཡུལ་ནི།  གངས་རིའི་ཕྲེང་བ་ཚར་དུ་མངར་བའི་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་དགོན་སྡེ་སྤྱི་དང་། བྱེ་བྲག་དེ་ཁུལ་གྱི་དོན་བརྒྱུད་དཔལ་ལྡན་འབྲུག་པའི་དགོན་སྡེ་ཁག་ཏུ་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་དེ་ཙམ་མེད་པར་སོང་། བསྟན་པའི་སྙིང་པོ་ཚང་ལ་མ་ནོར་བ་དོན་དུ་གཉེར་བའི་བློ་གསལ་རྣམས་ཀྱིས།  དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པའི་སྲོག་ཤིང་ཆེན་པོ་ཀུན་མཁྱེན་རྫོགས་པའི་སངས་རྒྱས་མི་ཕམ་པདྨ་དཀར་པོའི་མདོ་སྔགས་བཞུང་ཆེན་ཁག་གཙོ་བོར་མཛད། འཕགས་བོད་མཁས་པའི་ལེགས་བཤད་ཁག་ལ་འཆད་ཉན་སྒོམ་སྒྲུབ་མཐར་ཕྱིན་པ་གནང་སྟེ། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་།  བྱེ་བྲག་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་ཡང་སྙིང་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པ་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོའི་ཆེད་དུ་དམིགས་ནས་བཞེངས་བསྐྲུན་བྱས་པ་ཞིག་ལགས་སོ།།

Show Buttons
Hide Buttons