གཙོ་ངོས། / ལོ་གཅིག་གི་སློབ་ཡུན་དང་དུས་མཆོད་ཁག།

ལོ་གཅིག་གི་སློབ་ཡུན་དང་དུས་མཆོད་ཁག།

འདི་ག་འཕགས་ཡུལ་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་ལོ་གཅིག་གི་སློབ་ཡུན་དང་དུས་མཆོད་ཁག་ནི། བོད་ཟླ་དང་པོ་ཚེས་བཅུ་དགུའི་ཉིན་སློབ་འགོ་བརྩམ་རྒྱུ། བོད་ཟླ་བཞི་པའི་ཚེས་བཅོ་ལྔ་ལ་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པའི་དུས་ཆེན་གསུམ་འཛོམས་དང་། བོད་ཟླ་དྲུག་པའི་ཚེས་བཞི་སྟེ་ཆོས་འཁོར་དུས་ཆེན་ཉིན་མོར་གནས་ཆོག་ཞལ་འདོན་དང་འཕགས་བོད་ཀྱི་གཞུང་ལུགས་ཁག་ལ་འཆད་རྩོད་རྩོམ་གསུམ་སོགས་ཀྱིས་སྲུང་བརྩི་གནང་རྒྱུ། བོད་ཟླ་བཞི་པའི་ཚེ་བཅུ་དྲུག་ནས་ཉིན་གྲངས་བཅུའི་རིང་སློབ་གཉེར་བ་རྣམས་སློབ་གསེང་གཏོང་རྒྱུ། བོད་ཟླ་བདུན་པའི་ཚེས་བཅོ་ལྔ་སྟེ། ཀུན་མཁྱེན་ཆེན་པོ་མི་ཕམ་པདྨ་དཀར་པོའི་འདས་མཆོད་ཉིན་མོར་ཀུན་མཁྱེན་ཆེན་པོའི་ལེགས་བཤད་ཁག་ལ་བགྲོ་གླེང་གིས་འདས་མཆོད་སྲུང་བརྩི་བྱ་རྒྱུ། བོད་ཟླ་དྲུག་པའི་ཚེས་བཅུ་གཅིག་དང་བཅུ་གཉིས་གཉིས་སུ་ལོ་ཕྱེད་ཡིག་རྒྱུགས་གཏོང་རྒྱུ། བོད་ཟླ་དྲུག་པའི་ཚེ་བཅོ་ལྔ་ནས་བདུན་པའི་ཚེས་ཉེ་དགུའི་བར་དབྱར་གནས་ཚོགས་ཏེ། ཉིན་ཞག་ཐ་མའི་ནུབ་མོ་དམ་ཆོས་འཆད་རྩོད་རྩོམ་གསུམ་གྱི་མཚན་ཐོག་ཐག་འདའ་བར་བྱས་མཛད་དེ་དབྱར་གནས་གྲོལ་གྱི་ཡོད། བོད་ཟླ་དགུ་པའི་ཚེས་པ་ཉེར་གཉིས་ལྷ་བབས་དུས་ཆེན་ཉིན་མོར་གནས་ཆོག་འཚོག་རྒྱུ་དང་། དམ་ཆོས་འཆད་རྩོད་རྩོམ་གསུམ་གྱིས་དུས་ཆེན་སྲུང་བརྩི་ཞུ་རྒྱུ། བོད་ཟླ་བཅུ་པའི་ཚེས་བཅུ་གསུམ་དང་བཅུ་བཞི་གཉིས་སུ་ལོ་མཇུག་རྒྱུགས་སྤྲོད་ཆེན་མོ་གཏང་རྒྱུ། བོད་ཟླ་བཅུ་པའི་ཚེས་བཅུ་བདུན་ནས་ཟླ་བ་གཅིག་གི་རིང་ཚད་མ་དགུན་ཆོས་འཚོག་རྒྱུ། བོད་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན་དཔལ་རྒྱལ་བ་མདོ་ཁམས་བརྒྱད་པའི་འདས་མཆོད་འཚོགས་ཏེ་ཚེས་བཅུ་དགུ་ཉིན་ལོ་འཇུག་གི་སློབ་གསེང་གཏོང་རྒྱུ། གཞན་ཡང་བསླབ་པ་མཐར་སོན་པ་རྣམས་ལ་བསླབ་པ་མཐར་ཕྱིན་པའི་ཕྱག་འཁྱེར་དང་། ཕར་ཕྱིན་རབ་འབྱམས་པའི་ཕྱག་འཁྱེར། ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་ཡིག་ཚད་རྩེར་སོན་དག་ལ་གསོལ་རས་གནང་རྒྱུ། སྐབས་དང་དུས་སུ་མཁན་པོ་མངའ་གསོལ་གནང་རྒྱུ་བཅས་སོ། །

 

དུས་མཆོད་སྐབས།

 

 

 

སློབ་གཉེར་བ་ཞིག་གིས་ཆོས་བཤད་གནང་བའི་སྐབས།

 

 

Show Buttons
Hide Buttons