Home / གཉེར་ཚང་།

གཉེར་ཚང་།

བཀྲ་ཤིས་ལྗོངས་སུ་གདན་ས་ཁམས་པ་སྒར་ཕྱག་བཏབ་ནས་བཟུང་བཤད་གྲྭ་ཡང་ཕལ་ཆེར་ཡོད་ཅིང་། བཤད་གྲྭར་དམིགས་ གྲྭ་ཚང་ལས་ལོགས་སུ་བསལ་ལྷ་ཁང་དང་གྲྭ་ཤག གཉེར་པ་དང་གཉེར་ཚང་ཟེར་བ་ཞིག་མེད་མོད།ཕྱི་ལོ་ ༢༠༠༣ ཁན་སློབ་རྣམ་པ་བཤད་གྲྭའི་གཙུག་ལག་ཁང་དུ་གནས་སྤོ་བྱས་པ་ནས་བཟུང་། གཉེར་པ་དང་གཉེར་ཚང་དགོས་པར་རྟེན། གྲྭ་ཚང་གི་སྔར་སྲོལ་ལྟར་འོས་བསྡུའི་ལམ་ནས་ཚང་གི་གྲྭ་རྒན་པ་རིན་ཆེན་སྙིང་པོ་བཤད་གྲྭའི་གཉེར་པར་བསྐོ་གཞག་བྱས་ཏེ།མཁན་སློབ་རྣམ་པར་ཞལ་ལག་ཐབས་ཤེས་གང་དྲག་ཅི་འབྱོར་གནང་ཡོད།

༢༠༠༦ ལོར་སླར་ཡང་སྔར་རྒྱུན་ལྟར་གྲྭ་ཚང་གི་གྲྭ་རྒན་པ་ཕུན་ཚོགས་གཉེར་པར་བསྐོ་གཞག་བྱས་ཏེ། མཁན་སློབ་རྣམ་པར་ཞལ་ལག་ཐབས་ཤེས་གང་ཡོང་གནང་ནའང་།སྐབས་དེ་དུས་བཤད་གྲྭར་སློབ་གཉེར་བ་མང་དུ་ཕྱིན་པ་སོགས་ཀྱིས་འགྲོ་གྲོན་ཆེ་བར་བརྟེན་གཉེར་པ་གཅིག་པུས་ཡོང་ཐབས་མེད་སྟབས། ཡིག་ཚང་གསར་འཛུགས་བྱས་ཏེ་ཡིག་ཚང་ནས་དཔལ་འབྱོར་འདུ་འགོད་བྱས་ཤིང་གཉེར་པ་ལའང་ཞལ་ལག་གི་འགྲོ་སོང་ལ་མཉམ་རོགས་བྱས།

༢༠༠༩ ལོར་གྲྭ་ཚང་ནས་གཉེར་པ་བསྐོ་གཞག་མི་དགོས་པར་བཤད་གྲྭ་རང་ནས་གཉེར་པ་བཞག་ན་དགེ་མཚན་ཆེ་བར་མཐོང་སྟེ་བཤད་གྲྭའི་སློབ་ཐོན་པ་ལྷུན་གྲུབ་དཔལ་ལྡན་གཉེར་པར་བསྐོས་ཤིང་།དཔལ་འབྱོར་གྱི་འགྲོ་སོང་ཡིག་ཚང་ནས་གཏོང་རྒྱུ་དང་། ཉོ་ཅ་རྒྱག་རྒྱུ།མ་བྱན་ལ་གཟིགས་རྟོག་བྱ་རྒྱུ། སྐྱབས་བསྔོའི་རིགས་སོགས་ཀྱི་བྱུང་སོང་ཟླ་རེ་བཞིན་ཡིག་ཚང་ནང་རྩིས་རྒྱག་རྒྱུ་སོགས་བྱས།

ཕྱི་ལོ་ ༢༠༡༢ ལོར་བཤད་གྲྭའི་སློབ་ཐོན་པ་བཀྲ་ཤིས་གཉེར་པར་བསྐོས་ཤིང་།འགྲོ་སོང་ཡིག་ཚང་ནས་གཏོང་རྒྱུ་དང་།ཟླ་རེ་བཞིན་ཡིག་ཚང་དུ་རྩིས་རྒྱག་རྒྱུ་སོགས་སྔར་བཞིན་བྱས།

༢༠༡༥ ལོར་བཤད་གྲྭའི་སློབ་ཐོན་པ་ཨོ་རྒྱན་གཉེར་པར་བཞག་སྟེ། སྔར་བཞིན་འགྲོ་སོང་ཡིག་ཚང་གིས་གཏོང་རྒྱུ་སོགས་བྱས།

ཕྱི་ལོ་ ༢༠༡༧ ལོར་སེང་གེ་གཉེར་པར་བསྐོས་ཏེ་འགྲོ་སོང་ཡིག་ཚང་ནས་བཏང་བ་དང་ བཟའ་བཅའི་རིགས་ཉོ་རྒྱུ་དང་མ་བྱན་ལ་ལྟ་རྟོག་བྱ་རྒྱུ། སྐྱབས་བསྔོའི་རིགས་སོགས་བྱུང་སོང་ཟླ་རེ་བཞིན་ཡིག་ཚང་དུ་རྩིས་རྒྱག་རྒྱུ་སོགས་སྔར་བཞིན་གཉེར་པའི་ཕྱག་ལས་གནང་དང་གནང་མུས་བཅས་སོ། །

ཕྱི་ལོ་༢༠༡༨།༡༠།ཚེས་༡༥ཉིན།

Show Buttons
Hide Buttons