Home / དམིགས་ཡུལ་

དམིགས་ཡུལ་

ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་ར་འདི་ནི་༸རྒྱལ་བ་མདོ་ཁམས་པ་སྐུ་གོང་འོག་དང་ཐུགས་སྲས་བུ་ཆེན་རྣམ་པའི་བླ་ན་མེད་པའི་ཐུགས་བསྐྱེད་ལས་འཁྲུངས་པའི་ནང་བསྟན་སློབ་གླིང་ཞིག་ཡིན་ལ། དེ་ཡང་སྟོན་མཆོག་བུ་རམ་ཤིང་པའི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཡང་སྒོས་སུ་དོན་བརྒྱུད་དཔལ་ལྡན་འབྲུག་པའི་ཐུན་མིན་གྱི་གཅེས་ནོར་དུ་གྱུར་པའི་གཞུང་ལུགས་དག་ལ་ཐོས་བསམ་སྒོམ་སྒྲུབ་གནང་སའི་གཙུག་ལག་སློབ་གཉེར་ཁང་ཞིག་ཡིན། འདི་བཙུགས་པའི་དགོས་དོན་སྙིང་པོ་ནི། རྒྱ་གར་འཕགས་པའི་ཡུལ་དུ་དོན་བརྒྱུད་དཔལ་ལྡན་འབྲུག་པའི་མདོ་སྔགས་ཀྱི་གཞུང་ལུགས་ཁག་ལ་ཐོས་བསམ་སློབ་གཉེར་གནང་ས་འཐུས་སྒོ་ཚང་པའི་བཤད་གྲྭ་ཞིག་ཕལ་ཆེར་མེད་པར་སོང་།

དཔལ་ལྡན་འབྲུག་པའི་གདུལ་ཞིང་དུ་གྱུར་པ་ལ་དྭགས་དང་།ཟངས་དཀར།ག་ཞྭ།ཁུ་ནུ་སོགས་ཧི་མ་ལ་ཡའི་འབྲེལ་ཡོད་དགོན་སྡེ་ཁག་དང་། དེ་བཞིན་བོད་དང་འབྲུག་ཡུལ། བལ་ཡུལ་སོགས་ནས་ཕེབས་པའི་སློབ་པ་དོན་དུ་གཉེར་བའི་དགེ་འདུན་པ་དག་ལ་འབྲུག་ལུགས་ཀྱི་ཕྱག་དཔེ་ཁག་ལ་སློབ་སྦྱོང་གི་གོ་སྐབས་ཧ་ཅང་དཀོན་ཞིང་།འབྲུག་བསྟན་སྤྱིར་ཡོངས་ཀྱི་འཆད་རྒྱུན་དང་བཞེད་སྲོལ་རྣམས་ཤིན་ཏུ་ནས་གཉན་འཕྲང་དང་ཉིན་མོའི་སྐར་མ་བཞིན་མག་མོག་པོར་འགྱུར་བཞིན་ཡོད་པར་བརྟེན། མ་ཧ་པནྜི་ཏ་ཀུན་མཁྱེན་པདྨ་དཀར་པོ་མཆོག་གི་དགོངས་བཞེད་གཙོར་གྱུར་གྱི་གཞུང་ཆེན་ཁག་ལ་འཆད་ཉན་གནང་སའི་སློབ་གླིང་འདི་གསར་འཛུགས་བྱས་པ་ཞིག་ཡིན། དེས་ན་ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་གཉེར་བ་རྣམས་མདོ་སྔགས་རིག་གནས་སྐད་ཡིག་དང་བཅས་པར། ཤེས་ཡོན་གྱི་ཁོ་ལག་རྫོགས་པར་ཕུལ་ནས་ལུགས་གཉིས་ལ་མཁྱེན་རྒྱ་ཡངས་པའི་མི་སྣ་སྐྱེད་སྲིང་བྱ་རྒྱུ་དང་། ཐོས་དོན་སྒྲུབ་པ་སྙིང་པོར་ལེན་ཐུབ་པའི་རྟོགས་པ་དོན་གྱི་རྣལ་འབྱོར་པ་གང་མང་འབྱུང་ཐུབ་པ་སོགས་མདོར་ན་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་བྱེ་བྲག་ཏུ་དྭགས་བརྒྱུད་སྙིང་པོ་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པ་ཕྱོགས་ཡོངས་ནས་འཛིན་སྐྱོང་སྤེལ་གསུམ་ཐུབ་པའི་བསྟན་འཛིན་གྱི་སྐྱེས་ཆེན་གང་མང་གསོ་སྐྱོང་བྱ་རྒྱུའི་ཆེད་དུ་ནང་བསྟན་གཙུག་ལག་ཁང་འདི་བཙུགས་པའི་དམིགས་ཡུལ་ཡིན་ནོ།།

Show Buttons
Hide Buttons