Home / བོད་དང་འཕགས་ཡུལ་ཁམས་སྒར་བཤད་གྲྭའི་ལོ་རྒྱུས།

བོད་དང་འཕགས་ཡུལ་ཁམས་སྒར་བཤད་གྲྭའི་ལོ་རྒྱུས།

  • ༄༅། །བྱེས་ཀྱི་ཁམས་སྒར་འབྲུག་མཐོ་སློབ་དྷམ་ཀཱ་རའི་བྱུང་རབས།
  • ༄༅། །གཞིས་ཀྱི་ཁམས་སྒར་འབྲུག་བཤད་གྲྭའི་བྱུང་རབས།
Description of the event

༄༅། ཁམས་སྒར་འབྲུག་མཐོ་སློབ་དྷམ་ཀཱ་རའི་བྱུང་རབས་བཞུགས་སོ།།

ཕྱི་ལོ་ ༡༩༥༩ ལོར་བོད་དུ་དུས་འགྱུར་བྱུང་བར་བརྟེན།ཕྱི་ལོ་༡༩༥༨ལོར་ ༸རྒྱལ་བ་མདོ་ཁམས་བརྒྱད་པ་རིན་པོ་མཆོག་འཕགས་ཡུལ་དུ་ཞབས་སོར་འཁོད་གྲུབ་མཚམས་སུ་རིས་མེད་སྦག་སའི་ཆོས་སྒར་ཆེན་མོ་གསར་འཛུགས་གནང་བ་མ་ཟད། ཀ་པུངས་དང་སྒྲ་ལ་ཧོལ། བཀྲ་ཤིས་ལྗོངས་བཅས་སུ་རྙིང་མའི་མཁན་པོ་བརྩོན་འགྲུས་དང།བཀའ་བརྒྱུད་མཁན་པོ་ཆོས་དར།ས་སྐྱའི་མཁན་པོ་རིན་ཆེན་བཅས་སྔ་ཕྱིར་གདན་ཞུས་ཀྱིས་མཆོག་སྤྲུལ་རྣམས་དང་གྲྭ་བློ་གསལ་བཟང་པོ་སོགས་དགེ་འདུན་པ་རྣམ་པར་སྐབས་དང་དུས་སུ་ནང་དོན་རིག་པའི་གཞུང་ལུགས་ཁག་གི་དཔེ་ཁྲིད་གནང་ནའང། ༸རྒྱལ་བ་མདོ་ཁམས་བརྒྱད་པ་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་དང་དཔེ་ཁྲིད་གནང་མཁན་ཇི་བཞིན་མ་རྙེད་པ་སོགས་ཀྱིས་བར་ལམ་ཞིག་ལ་བཤད་པའི་སྡེ་ཆུང་ངུ་དེ་ཡང་མཚམས་འཇོག་གནང་དགོས་པ་བྱུང།འོན་ཀྱང་༸རྒྱལ་བ་མདོ་ཁམས་བརྒྱད་པ་རིན་པོ་ཆེ་མཆོག་ནས་གྲྭ་བློ་གསལ་བཟང་པོ་ལ་མ་འོངས་པར་རང་དགོན་དུ་སློབ་ཁྲིད་བྱ་ཐུབ་པའི་སློབ་གཉེར་དམ་དོན་དགོས་ཚུལ་དཀའ་ཕེབས་སྙིང་བཅངས་ཀྱིས་རྙིང་མའི་མཁན་པོ་ཟླ་ཟེར་དང།ས་སྐྱའི་མཁན་པོ་རིན་ཆེན་སོགས་ཀྱི་མདུན་ནས་ལོ་མང་རིང་རྒྱུན་མཐུད་སློབ་གཉེར་གནང་ནས་སློབ་པ་མཐར་སོན་བྱུང་བར་བརྟེན་སླར་སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་ལྗོངས་སུ་བློ་གསལ་བཟང་པོ་མཁན་ཁྲིར་མངའ་གསོལ་གྱིས་རང་དགོན་གྱི་སློབ་གཉེར་བ་རྣམས་དང་། འབྲུག་སོགས་ནས་ཕེབས་པའི་གྲྭ་རྒྱུན་བཅས་སློབ་གཉེར་བ་གྲངས་བཞི་བཅུ་ཡས་མས་ལ་སྔར་ཕྱི་ལོ་མང་རིང་དཔེ་ཁྲིད་རྒྱུན་མཐུད་གནང་མཛད་ཅིང་།སློབ་གཉེར་བ་དེ་དག་ལ་བཞུགས་གནས་དང་འཚོ་བ་སོགས་དགོན་པ་གཞུང་གྲྭ་ཚང་ནས་ནར་གཏོང་མཛད་པ་དང་།འཇམས་དབྱངས་མཁྱེན་བརྩེ་ཡེ་ཤེས་རིན་པོ་ཆེ་མཆོག་ནས་༸རྒྱལ་བ་མདོ་ཁམས་བརྒྱད་པ་བསྐལ་བཟང་དོན་བརྒྱུད་ཉི་མ་མཆོག་ཆོས་དང་འཇིག་རྟེན་གཉིས་ཀའི་ཐོག་ནས་བཀའ་དྲིན་ཆེན་པོ་གནང་ཡོད་པ་མ་ཟད་བཤད་གྲྭ་ལའང་ཐུགས་རེ་ཆེན་པོ་གནང་ཡོད་པ་སོགས་ལ་བརྟེན།དེའི་སྐུ་དྲིན་གྱི་ཆ་ཤས་མཚོན་པའི་ཕྱིར་བཀྲ་ཤིས་ལྗོངས་སུ་བཤད་གྲྭའི་གཙུག་ལག་ཁང་དང་གྲྭ་ཤག་སོགས་རྟེན་དང་བརྟེན་པར་བཅས་པ་གསར་སྐྲུན་ལེགས་གྲུབ་བྱུང་བ་མ་ཟད།གསོལ་དོད་ཡང་གང་འཚམས་གནང་བ་བཅས་ལ་བརྟེན། ཕྱི་ལོ་༢༠༠༣ལོར་༸རྒྱལ་བ་མདོ་ཁམས་པ་སྐུ་ཕྲེང་དགུ་པ་བཤད་སྒྲུབ་ཉི་མ་མཆོག་དབུ་བཞུགས་ཀྱིས་བཤད་གྲྭ་གསར་པ་དབུ་འགྱེད་མཛད་སྒོ་གནང་ཞིང་།ཁམས་པ་སྒར་གྲྭ་ཚང་ནས་བཤད་གྲྭའི་གཉེར་པ་བསྐོ་གཞག་བྱས། ཕྱི་ལོ་༢༠༠༥ལོར་༸རྒྱལ་བ་མདོ་ཁམས་པ་མཆོག་དང་སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་རྣམ་གཉིས་དབུས་རང་དགོན་གྱི་བླ་སྤྲུལ་རྣམ་པའི་ལམ་སྟོན་འོག་ཁམས་གྲྭ་ཆོས་དབྱིངས་ལྷུན་འགྲུབ་དང།བྱམས་པ་ཡོན་ཏན།ངག་དབང་བཟང་པོ་སོགས་བཤད་གྲྭར་ཞུགས་ཏེ་མཁན་པོ་བློ་གསལ་མཆོག་དང།སྤྲུལ་སྐུ་སྤོབས་པ་རྣམ་གཉིས་དང་ལྷན་དུ་དཔེ་ཁྲིད་དང།སྒྲིག་གཞི།སློབ་ཚན།འཛིན་གྲྭའི་གོ་རིམ་སོགས་དབུ་བརྩམས་ཤིང་ཁམས་གྲྭ་ཆོས་དབྱིངས་ལྷུན་འགྲུབ་མཆོག་ནས་རིས་མེད་ཀྱི་སློབ་གླིང་ཁག་ཏུ་སློབ་སྦྱོང་ཡུན་རིང་གནང་བས་༸རྒྱལ་བ་མདོ་ཁམས་དགུ་པ་ངེས་དོན་བཤད་སྒྲུབ་ཉི་མ་མཆོག་གིས་མཁན་ཁྲིར་མངའ་གསོལ་གནང་།ཕྱི་ལོ་ ༢༠༠༦ རྒྱལ་བ་མདོ་ཁམས་པ་མཆོག་དང་སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་རྣམ་གཉིས་གཙོས་རང་དགོན་གྱི་བླ་སྤྲུལ་དག་ལ་ལམ་སྟོན་ཞུས་ཏེ་བཤད་གྲྭའི་ཡིག་ཚང་གསར་འཛུགས་ཀྱིས་མཁན་པོ་བློ་གསལ་བཟང་པོ་མཆོག་གིས་རྒྱུན་ལྡན་འགྲོ་སོང་ཆེད་དུ་དཔལ་འབྱོར་འདུ་འགོད་གནང་བ་དང། མཁན་པོ་ཆོད་དབྱིངས་ལྷུན་གྲུབ་མཆོག་དང་རྒན་བྱམས་པ་ཡོན་ཏན། རྒན་ངག་དབང་བཟང་པོ་སོགས་ཀྱིས་དཔེ་ཁྲིད་དང་སྒྲིག་གཞི།ཡིག་ཚང་གི་རྒྱུན་ལས་སོགས་ཀྱི་འགན་ཁུར་ཞུས།ཕྱི་ལོ་༢༠༠༨ ལོར་མཁན་ལས་རྣམས་ཀྱིས་བཤད་གྲྭའི་གཞི་རིམ་སློབ་གྲྭའི་སློབ་ཕྲུག་ལྔ་བཅུ་ཡས་མས་གསར་བསྡུ་དང་འབྲེལ་སློབ་ཕྲུག་རྣམས་ལ་སློབ་སྦྱོང་སོགས་ཀྱི་མཐུན་རྐྱེན་བསྐྲུན་ཞིང་། བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་དུ་བཤད་གྲྭ་ནས་མཁན་པོ་གཏོང་རྒྱུ་བྱས་པ་དང། བཤད་གྲྭར་ལོ་རེ་བཞིན་སློབ་གཉེར་བའི་གྲངས་ཀ་མང་དུ་འགྲོ་བཞིན་པ་སོགས་ལ་བརྟེན་ནས་འདུ་ཁང་དང།གྲྭ་ཤག འཛིན་ཁང་སོགས་ཀྱིས་དཀའ་ངལ་ཡོད་པ་ཙམ་དུ་མ་ཟད་དོན་བརྒྱུད་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་མི་ཉམས་གོང་འཕེལ་ཆེད་སློབ་གླིང་གསར་སྐྲུན་དགོས་པ་གལ་ཆེན་མཐོང་ནས།༸རྒྱལ་བ་མདོ་ཁམས་པ་མཆོག་གིས་དབུས་རང་དགོན་གྱི་མཆོག་སྤྲུལ་རིན་པོ་ཆེ་རྣམས་ལ་བཀའ་སློབ་ལམ་སྟོན་ཞུས་ནས་སློབ་གླིང་གསར་སྐྲུན་དང་འབྲེལ་བའི་ཚོགས་པ་ཞིག་འཛུགས་ཐབས་བྱས།ཕྱི་ལོ་༢༠༠༩ ལོར་༸རྒྱལ་བ་མདོ་ཁམས་པ་མཆོག་དང་སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ། རྟོགས་རྒན་ཨ་ཆོས་རྣམ་པར་ལམ་སྟོན་ཞུས་ཏེ་བཤད་གྲྭའི་གྲྭ་ལྷུན་འགྲུབ་དཔལ་ལྡན་གཉེར་པར་བསྐོ་གཞག་བྱས་ཤིང་། སྤྲུལ་སྐུ་སྤོབས་པ་འདི་ག་གཞིས་ལས་ཁང་གི་དབུ་འཛིན་གཞོན་པ་ཡིན་པའི་སྐབས་སུ་ས་གནས་ཀྱི་ཡུལ་མིའི་ཉིན་མོའི་སློབ་ཁང་ཞིག་གསར་བཞེངས་གནང་བ་དེ་བཤད་གྲྭའི་གཞི་རིམ་སློབ་ཕྲུག་ཆེད་དུ་གནང་ཐུབ་ན་དགེ་མཚན་ཆེ་སྐོར་ཞུས་པ་ལྟར་ཁོང་གིས་གནང་སོང་བར་བརྟེན། སློབ་ཕྲུག་རྣམ་པ་དེར་གནས་སྤོས་བྱས་ཤིང་། གྲྭ་ཚང་གི་ཞིང་ཁ་དེར་བཤད་གྲྭ་གསར་བཞེང་གནང་གཏན་ཁེལ་བ་དང། རྒན་བྱམས་པ་ཡོན་ཏན་དང།རྒན་ངག་དབང་བཟང་པོ་རྣམ་གཉིས་རིས་མེད་སློབ་གླིང་མང་པོར་སློབ་སྦྱོང་ལོ་མང་རིང་གནང་སྟབས།༸རྒྱལ་བ་མདོ་ཁམས་དགུ་པ་ངེས་དོན་བཤད་སྒྲུབ་ཉི་མ་མཆོག་གིས་མཁན་པོའི་མཚན་གནས་བསྩལ་གནང་། ཕྱི་ལོ་༢༠༡༠ ལོར་༸རྒྱལ་བ་མདོ་ཁམས་དགུ་པ་རིན་པོ་ཆེ་མཆོག་གི་མཚན་ཐོག་ནས་མཐོ་སློབ་འདི་ཉིད་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཏེ་སློབ་གླིང་གསར་བཞེང་དང་འབྲེལ་བའི་ལས་གཞི་ཁག་གཉེར་བ་དང་། སྐྱོར་དཔོན་ཚུལ་ཁྲིམས་རྣམ་རྒྱལ་མཁན་པོ་བཏང་།ཕྱི་ལོ་༢༠༡༡ ཕྱི་ཟླ་༡༡པའི་ཚེས་༣༠ ཉིན་སློབ་གླིང་གསར་པའི་ས་འདུལ་བྱིན་རླབས་སོགས་ཀྱི་མཛད་སྒོ་དེ་རྒྱལ་བ་མདོ་ཁམས་པ་དང་སྐྱབས་རྗེ་རྡོ་རྡོང་རིན་པོ་ཆེ། གྲུ་གུ་ཆོས་རྒྱལ་རིན་པོ་བཅས་དབུ་བཞུགས་ཐོག་གནང། ཕྱི་ལོ་༢༠༡༡ ཡས་མས་སུ་མཁན་པོ་བློ་གསལ་གྱི་ཐུགས་དགོངས་ལྟར་བཤད་གྲྭས་རྒྱལ་བ་མདོ་ཁམས་པ་མཆོག་ལ་ལམ་སྟོན་ཞུས་ཏེ་མ་ལེ་ཤི་ཡར་ཆོས་ཚོགས་ཤིག་བཙུགས་ཏེ་ཆོས་ཚོགས་ཀྱི་དབུ་འཛིན་མཁན་པོ་བློ་གསལ་གྱིས་གནང་ཞིང་། ཕྱི་ལོ་༢༠༡༣ ཡས་མས་སུ་མཁན་པོ་ངག་དབང་བཟང་པོའི་ཐུགས་དགོངས་ལྟར་ཐའེ་ཝན་དུ་ཆོས་ཚོགས་ཤིག་བཙུགས་ཏེ་ཆོས་ཚོགས་ཀྱི་དབུ་འཛིན་དེ་མཁན་པོ་ངག་དབང་བཟང་པོ་ཁོང་གིས་གནང་།
ཕྱི་ལོ ༢༠༡༥ ལོར་སློབ་དཔོན་བསྟན་འཛིན་སྟོབས་རྒྱལ་དང་བཀྲ་ཤིས་རྒྱལ་མཚན་རྣམ་གཉིས་མཁན་པོ་བཏང། ༢༠༡༦སློབ་དཔོན་དཔོན་བསོད་ནམས་དབང་རྒྱལ་དང་།བསྟན་འཛིན་བྱམས་པ། བློ་གྲོས་རྒྱ་མཚོ། ཚེ་དབང་བདེ་ཆེན། བསོད་ནམས་གྲགས་པ་བཅས་མཁན་པོ་བཏང་བ་དང་། སློབ་གླིང་གསར་པའི་ཨར་ལས་དངོས་སུ་དབུ་འཛུགས་བྱས་ཤིང་།སློབ་དགེ་ཁག་ཅིག་ཟངས་དཀར་ཕྱོགས་སུ་ཆོས་དགེ་རུ་བཏང་།ཕྱི་ལོ་༢༠༡༧ ཁམས་གྲྭ་ཐུབ་བསྟན་དགེ་ལེགས་དང་ངག་དབང་ཆོས་བཟང་རྣམ་གཉིས་འཕགས་ཡུལ་སེར་བྱེས་ནས་དཔེ་ཁྲིད་ཆེད་དུ་རང་དགོན་གྱི་བཤད་གྲྭར་ཕེབས་ཏེ་སློབ་ཁྲིད་གནང་ཞིང་།རྡོ་རྫོང་དགོན་དུ་ཆོས་དགེ་བཏང་ཐུབ་པ་སོགས་བྱུང་ཡོད། གཞན་ཡང་སློབ་གླིང་འདིར་འཕགས་ཡུལ་རྫོང་སར་བཤད་གྲྭ་དང་སེར་བྱེས་གྲྭ་ཚང་སོགས་ནས་མཁན་པོ་དང་དགེ་བཤེས་མང་པོ་གདན་ཞུ་བྱས་པ་སོགས། མདོར་ན་མཁན་པོ་བློ་གསལ་བཟང་པོ་དང་། མཁན་པོ་ཆོས་དབྱིངས་ལྷུན་གྲུབ། མཁན་པོ་བྱམས་པ་ཡོན་ཏན། མཁན་པོ་ངག་དབང་བཟང་པོ། སྤྲུལ་སྐུ་སྤོབསས་པ་རྣམ་པས་གཙོས་མཁན་སློབ་དགེ་ལས་རྣམས་ཀྱིས་རྒྱལ་བ་མདོ་ཁམས་པ་མཆོག་དང་སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ། རྟོགས་རྒན་ཨ་ཆོས་བཅས་ཀྱི་ལམ་སྟོན་འོག ཤེས་ཡོན་དང་། སྒྲིག་གཞི། དཔལ་འབྱོར།འཛུགས་སྐྲུན། སློབ་གཉེར་བའི་གྲངས་ཀ་སོགས་ལ་སྒོ་ཀུན་ནས་འབད་བརྩོན་དང་། རྒྱལ་བ་མདོ་ཁམས་པ་སྐུ་གོང་མ་དག་གི་ཐུགས་བསྐྱེད་སོགས་ཀྱིས་དེང་སང་མཁན་སློབ་གྲངས་ཉིས་བརྒྱ་ལྷག་གིས་བསླབ་པ་སློབ་གཉེར་གནང་བཞིན་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ་ཕྱི་ལོ་༢༠༡༨ ལོའི་ཕྱི་ཟླ་༡༠ ཚེས་༡༢ ཉིན།

རྒྱལ་བས་ལུང་དུ་བསྟན་པའི་སྐྱེས་བུ་ཆེན་པོ།འཕགས་པ་སྤྱན་རས་གཟིགས་ཀྱི་སྒྱུ་འཕྲུལ་རྒྱ་གར་འཕགས་པའི་ཡུལ་དུ་པཎ་ཆེན་ནྭ་རོ་པ་དང།ཁ་བ་ཅན་དུ་འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་ཞེས་ཡོངས་སུ་གྲགས་པ་དེས།བསིལ་ལྡན་གངས་རིའི་མུ་ཁྱུད་ཀྱིས་མཛེས་པར་བསྐོར་བའི་བོད་ཀྱི་ལྗོངས་སུ།དྭགས་བརྒྱུད་སྙིང་པོ་དོན་བརྒྱུད་དཔའ་ལྡན་དབྱར་རྔ་པའི་བསྟན་པའི་ཉི་གཞོན་གསར་དུ་འདྲེན་པར་མཛད་པ་ནས་བཟུང།སློབ་མ་ཡང་སློབ་རྣམས་ཀྱིས་ངེས་དོན་ཕྱག་རྒྱ་ཆེན་པོ་དང།ཟབ་ལམ་ནྭ་རོ་ཆོས་དྲུག གདམས་ངག་རོ་སྙོམས་སྐོར་དྲུག་སོགས་ཀྱིས་སྙིང་པོའི་ལམ་ལ་ཉམས་བཞེས་རྩེ་གཅིག་ཏུ་གཞོལ་བར་མཛད་དེ།ལོ་རྒོད་གཉིས་དང།པ་རྐྱང་གཉིས་སོགས་ལས་སྟོད་འབྲུག བར་འབྲུག སྨད་འབྲུག་གི་བརྒྱུད་པ་བྱུང་བ་དང།དབོན་རས་དར་མ་སེངྒེ་ནས་བརྩམས་དཔོན་བརྒྱུད་སེངྒེ་དགུ་ཚར་དང།རིགས་གསུམ་རྣམ་སྤྲུལ་སོགས་ལས་གདན་ས་བརྒྱུད་པ་བྱུང་བ་བཅས་ཀྱིས་དོན་བརྒྱུད་ཀྱི་ཕྲིན་ལས་ཁྱབ་གདལ་དུ་བྱུང་བས།རྡོ་རྗེ་ཕགས་མོས་ལུང་བསྟན་གནང་བ་ལྟར་དཔལ་ལྡན་འབྲུག་པའི་བསྟན་པས་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་དུ་ཁྱབ་པ་དེ་བྱུང།དེ་ནས་དུས་རབས་བཅུ་དྲུག་པའི་འགོ་སྟོད་ལ་རྒྱ་རས་ཀྱི་རྣམ་སྤྲུལ་བཞི་པ་པད་མ་དཀར་པོ་ཞེས་ཤེས་བྱ་རིག་པའི་གནས་མཐའ་དག་ལ་སྤོབས་པའི་གཟེངས་མཐོ་བ།ཐམ་ཅད་མཁྱེན་པའི་མཚན་གྱི་གྲགས་དཀར་ཕྱོགས་ཐམས་ཅད་དུ་ཁྱབ་པ་དུས་ལ་བབས་ཤིང་དོན་དུ་འགྱུར་བ་གཟིགས་ནས།སྔོན་གྱི་སྒྲུབ་བརྒྱུད་གོང་མ་རྣམས་ཀྱིས་བསྒྲུབ་པ་ཉམས་བཞེས་ཀྱི་ཕྱག་བཞེས་གཙང་ལ་མ་ཉམས་པའི་ཁར།ལུང་གི་བསྟན་པ་རིན་པོ་ཆེ་ཡང་ཆེས་ཆེར་སྤེལ་བར་མཛད་པ་དང་ཆབས་ཅིག་འཆད་སྤེལ་གནང་བས་བཤད་རྒྱུན་འདེགས་པའི་ཀ་ཆེན།མཁས་དབང་སངས་རྒྱས་རྡོ་རྗེ།བོད་མཁས་པ་དགེ་ལེགས་རྣམ་རྒྱལ།དུས་ཞབས་པ་དཔལ་རྒྱལ་དབང་པོ་སོགས་སློབ་མ་དང་ཡང་སློབ་དུ་མ་བྱོན་པ་དང་དེ་བཞིན་དུ་བཤད་རྒྱུན་འཁྲུལ་མེད་འཛིན་པའི་ཆོས་གྲྭ་པད་དཀར་གྲྭ་ཚང་དུ་གྲགས་པའི་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་པར་མཛད་པ་ནི་དཔལ་ལྡན་འབྲུག་པ་དཀར་བརྒྱུད་ཀྱི་བཤད་པའི་གྲྭ་ཐོག་མ་ཡིན།དེ་འབྲེལ་ཁམས་སྤྲུལ་སྐུ་ཕྲེང་བཞི་པ་བསྟན་འཛིན་ཆོས་ཀྱི་ཉི་མས་བསྟན་པའི་གསོལ་སྨན་དུ།བྱིང་ཕུ་དཔལ་གྱི་ཡང་དབེན་དུ་མཚན་ཉིད་བཤད་གྲྭ་རྣམ་རྒྱལ་ཆོས་འཁོར་གླིང་རྟེན་བརྟེན་པར་བཅས་པ་གསར་བཞེངས་ཀྱིས།དེར་དགེ་འདུན་པ་བརྒྱ་དང་བརྒྱད་ཀྱིས་མདོ་ཕྱོགས་གཞུང་ལུགས་རྒྱ་མཚོར་འཆད་ཉན་རྒྱུན་མཐུད་མཛད་པས།མཁས་མཆོག་རབ་འབྱམས་པ་དང།བཀའ་བཅུ་པའི་མཚན་རྟགས་ཀྱིས་སྒེག་པའི་མཁས་བཙུན་གྱི་ཡོན་ཏན་ཅན་མང་དུ་བྱུང་བ་དེ་དག་གིས་འཆད་རྩོད་ཕྲིན་ལས་ཀྱི་སྣང་བས་བསྟན་འགྲོའི་རྒུད་མུན་བསལ་ཏེ་ཕན་བདེའི་པདྨོ་ཆེས་ཆེར་རྒྱས་པར་མཛད།དེ་བཞིན་དུ་ཁམས་སྤྲུལ་སྐུ་ཕྲེང་བདུན་པ་སངས་རྒྱས་བསྟན་འཛིན་ནས་ཁམས་པ་སྒར་རང་དུ་མཚན་ཉིད་ཐོག་བཤད་གྲྭ་ཚད་ལྡན་འཛུགས་བཞེས་ཀྱིས།ཀ་ཐོག་སི་ཏུ་མ་ཧྭ་པཎྜིཏ་ཆོས་ཀྱི་རྒྱལ་མཚོ་ཆེན་པོར་དེ་སྐོར་སྙན་གསན་ཕུལ་བར་ཐུགས་དགྱེས་ཚོར་ཆེན་པོས་མཁན་པོ་ཚེ་རྡོར་ཁམས་སྒར་དུ་ཆེད་མངག་གནང་མཛད་ཡོད་རུང་སངས་རྒྱས་བསྟན་འཛིན་སྐུ་ཚེ་མཐར་མ་ཕྱིན་པས་བཞེས་པ་འཕྲོས་ལུས་གྱུར་པ།སླར་ཁམས་སྤྲུལ་སྐུ་ཕྲེང་བརྒྱད་པ་བསྐལ་བཟང་དོན་བརྒྱུད་ཉི་མ་མཆོག་ནས་ཁམས་སྒར་དཔལ་ཕུན་ཚོགས་ཆོས་འཁོར་གླིང་རང་དུ་བཤད་གྲྭའི་གཙུག་ལག་ཁང་བར་རྩེགས་གཉིས་ཅན་ལ་ཤག་མིག་བརྒྱད་བཅུས་བསྐོར་བའི་བཤད་གྲྭ་རྟེན་བརྟེན་པ། དེ་འབྲེལ་གསོལ་ཐབ་ཁང་བཅས་གསར་བཞེངས་དང་འབྲེལ།ཁམས་བྱེ་དང་ཀ་ཐོག་གཉིས་ནས་མཁན་ལེགས་བཤད་དང་མཁན་དགེ་འདུན་དར་རྒྱས་གཉིས་གདན་ཞུས་ཀྱིས་དུས་འགྱུར་མ་བྱུང་བར་གཞུང་ཆེན་བཀའ་པོད་ལྔ་སོགས་ཀྱི་གཞུང་ལུགས་དུ་མར་འཆད་རྩོད་རྩོམ་གསུམ་གྱིས་གཏན་ལ་ཕབ་ནས་ལུང་གི་བསྟན་པ་ཆེས་ཆེར་རྒྱས་པ་མཛད།

དུས་འགྱུར་རྗེས་སུ་༸རྒྱལ་བ་མདོ་ཁམས་བརྒྱད་པའི་སྐུ་མཆེད་སྤྲུལ་སྐུ་སྙན་གྲགས་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་ཤད་གྲྭའིགཙུག་ལག་ཁང་དང་གྲྭ་ཤག་ཁང་མིག་དྲུག་ཅུ་ཙམ་ཡོད་པ་ཞིག་གསར་བཞེངས་གནང་ཞིང་།འབྲོང་སྤྲུལ་རིན་པོ་ཆེ་མཆོག་གིས་ཀྱང་བཤད་གྲྭའི་སློབ་གཉེར་བའི་འཚོ་དོད་གནང་བ་དང་། སྤྱི་ལོ་ ༡༩༩༥ ལོར་རྫ་པད་སྙིང་དགོན་པའི་མཁན་པོ་ལྷ་དབང་རྡོ་རྗེ་གདན་ཞུས་གནང་བ་དང་། དེའི་རྗེས་དགོན་ཕུ་དགོན་པའི་མཁན་པོ་ཀརྨ་ཚེ་དབང་སྔ་ཕྱིར་དང་གོ་འཇོ་གསེར་ཁ་མཁན་པོ་པདྨ་བསྟན་འཛིན།བྲག་མགོ་སྒོ་ཆེན་དགོན་པའི་མཁན་པོ་ཟླ་དབང་བཅས་གདན་ཞུས་བྱས་ཏེ།  ཁོང་རྣམ་པས་རིམ་པས་གཞུང་ཆེན་སོགས་ལ་སློབ་ཁྲིད་ལོ་ཤས་རིང་གནང་ཡོད་ནའང་།མཆོག་སྤྲུལ་སྙན་གྲགས་རྒྱ་མཚོ་རིན་པོ་ཆེ་ཞིང་ལ་ཕེབས་པ་དང་།སྐྱབས་རྗེ་སྒྲུབ་དགའ་རིན་པོ་ཆེ་མཆོག་སྐུ་ཚད་མ་སྨིན་པ་སོགས་ཀྱིས་རྒྱུན་མཐུད་མ་ཐུབ་སྟབས། སློབ་གཉེར་བ་བློ་ཁ་མཐོ་གྲལ་རྣམས་སློབ་གཉེར་ཆེད་དུ་གསེར་ཐང་བླ་རུང་སྒར་དང་།  རྫ་སེར་ཤུལ་དགོན།  རྫ་ཨ་རིག་སྒར། སྡིང་པོ་ཆེ་ལ་སོགས་པའི་ཕྱོགས་སོ་སོར་སློབ་གཉེར་ཆེད་དུ་ཕེབས་གནང་། ཕྱི་ལོ་༢༠༠༧ ལོར་སྐྱབས་རྗེ་སྒྲུབ་དགའ་རིན་པོ་ཆེ་ཉིད་ཀྱིས་བཤད་གྲྭ་བ་རྣམས་གཙོས་པའི་ཡུལ་དེའི་གྲྭ་བཙུན་རྣམས་ལ་དྭགས་པོ་ཐར་རྒྱན་བཀའ་ཁྲིད་གནང་བ་དང་།  སྔོན་ཆད་གསེར་ཐང་བླ་རུང་སོགས་ཕྱོགས་སོ་སོར་སློབ་གཉེར་ཆེད་དུ་སོང་བའི་སློབ་གཉེར་བ་རེ་ཟུང་རྒྱ་གར་ལ་ཕེབས་ཚར་ཡང་།  གསེར་ཐང་བླ་རུང་སོགས་ལ་བཞུགས་པའི་རང་དགོན་གྱི་སློབ་གཉེར་བ་ཁག་ཅིག་སླར་ཡང་བསྡུས་ཏེ།   འཚོ་བའི་ཆ་རྐྱེན་སོགས་ཕྱོགས་གང་ཐད་ནས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ།

སྔར་གྱི་སློབ་གཉེར་བ་རྒན་གྲས་གསེར་ཐང་བླ་རུང་དང་།རྫ་སེར་ཤུལ།  རྫ་ཨ་རིག་སྒར།  སྡིང་པོ་ཆེ་སོགས་རིས་མེད་ཁག་ཏུ་སློབ་གཉེར་གནང་མྱོང་ཡོད་པའི།   གྲྭ་ཚེ་དབང་འགྱུར་མེད་དང་།  ངག་དབང་རྣམ་རྒྱལ།   ཀརྨ་མི་འགྱུར།  དམ་ཆོས་ཡོངས་འདུལ།  བསོད་ནམས་དཔལ་བཟང་བཅས་མཁན་ཁྲིར་མངའ་གསོལ་དང་།   བཤད་གྲྭ་རྙིང་པ་རྒྱ་བསྐྱེད་གནང་སྟེ་གཙུག་ལག་ཁང་ཐོག་རྩེགས་བཞི་ཅན་ཞིག་དང་གྲྭ་ཤག་གཅིག་བརྒྱ་བརྒྱད་ཙམ་ཞིག་གསར་བཞེངས་གནང་ཡོད་ཅིང་།  མཁན་པོ་ཁོང་རྣམ་པས་ད་བར་མི་ལོ་བཅུ་ལྷག་ཙམ་གྱི་རིང་སློབ་ཁྲིད་ཚད་ལྡན་གནང་བ་སོགས་ལ་བརྟེན་ནས།    ད་སྐབས་བཤད་གྲྭ་བ་རྣམས་སློབ་གཉེར་གནང་ཕྱོགས་སྤུས་ཚད་ཇེ་མཐོར་ཕྱིན་པ་དང་།   སློབ་གཉེར་བའི་གྲངས་ཚད་ཇེ་མང་སོང་ཡོད།   ད་སྐབས་བཤད་གྲྭའི་སློབ་གཉེར་བའི་གྲངས་བརྒྱ་དང་ལྔ་བཅུ་ཙམ་ཡོད་པར་མ་ཟད་དེའི་ཁྲོད་ལ་སྐྱོར་ཁྲིད་གནང་ཐུབ་པའི་སྐྱོར་དཔོན་གྲྭ་པ་ལྔ་ཙམ་ཡོད།    གཞི་རིམ་སློབ་ཕྲུག་ལྔ་བཅུ་ཡས་མས་ལ་མཁན་པོ་བསོད་ནམས་དཔལ་བཟང་ནས་བརྡ་སྤྲོད་དང་ཡིག་གཟུགས་སོགས་སློབ་ཁྲིད་ལོ་མང་རིང་ན་གནང་དང་གནང་མུས་ཡིན།

Show Buttons
Hide Buttons