Home / ཡིག་ཚང་།

ཡིག་ཚང་།

བཀྲ་ཤིས་ལྗོངས་ཀྱི་བཤད་གྲྭ་འདི་ཉིད་ཐོག་མར་རྒྱལ་བ་མདོ་ཁམས་བརྒྱད་པ་མཆོག་གིས་དབུ་འཛུགས་གནང་ཞིང་སྐྱབས་རྗེ་རིན་པོ་ཆེ་མཆོག་དགོངས་པ་ཞི་བར་མ་གཤེགས་བར་གཟིགས་རྟོག་རྒྱ་ཆེར་གནང་བ་དང་། དེའི་རྗེས་སྐྱབས་རྗེ་གྲུབ་དབང་རྡོ་རྫོང་རིན་པོ་ཆེ་མཆོག་གི་ལམ་སྟོན་འོག་མཁན་པོ་བློ་གསལ་བཟང་པོས་སྔ་ཕྱིར་ཕྱག་དཔེ་ཡུན་རིང་ཁྲིད་གནང་བ་དང་།སློབ་གཉེར་བ་རྣམ་པར་ཞལ་ལག་གི་མཐུན་རྐྱེན་དེ་ཁམས་པ་སྒར་གྲྭ་གཉེར་ཁང་ནས་ནར་གཏོང་བྱས། ཕྱིས་སུ་འཇམ་དབྱངས་མཁྱེན་བརྩེ་ཡེ་ཤེས་རིན་པོ་ཆེས་སློབ་གླིང་འདི་གསར་བཞེངས་ལེགས་གྲུབ་བྱུང་ནས།ཕྱི་ལོ་༢༠༠༣ལོར་བཤད་གྲྭའི་སློབ་གཉེར་བ་དེར་གནས་སྤོས་གནང་ཞིང་གྲྭ་ཚང་གིས་འོས་བསྡུའི་ལམ་ནས་གཉེར་པར་གྲྭ་ཚང་གི་གྲྭ་རིན་ཆེན་སྙིང་པོ་བསྐོ་གཞག་བྱས་ཏེ་གཉེར་ཚང་ཆུང་ངུ་ཞིག་ལས་ཡིག་ཚང་ཆེར་མེད། ཕྱི་ལོ་༢༠༠༥མཁན་པོ་ཆོས་དབྱིངས་ལྷུན་གྲུབ་དང་མཁན་པོ་བྱམས་པ་ཡོན་ཏན།མཁན་པོ་ངག་དབང་བཟང་པོ་རྣམས་ཕེབས་ཤིང་སློབ་གཉེར་བ་མང་དུ་ཕྱིན་པ་སོགས་ཀྱིས་ཡིག་ཚང་ཚད་ལྡན་ཞིག་དགོས་གལ་ཆེ་བས་ཐབས་ཤེས་གང་ཡོད་ཀྱིས་འབད་བརྩོན་བྱས་ཏེ། ཕྱི་ལོ་༢༠༠༦ལོར་རྒྱལ་བ་མདོ་ཁམས་པ་མཆོག་དང་སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ། རྟོགས་རྒན་ཨ་ཆོས་རྣམ་གསུམ་གྱིས་གཙོས་འབྲེལ་ཡོད་རྣམ་པར་ལམ་སྟོན་ཞུས་ཏེ་ཡིག་ཚང་དབུ་འཛུགས་བྱས་ཤིང་མཁན་པོ་བློ་གསལ་མཆོག་བཤད་གྲྭའི་དཔལ་འབྱོར་ཆེད་དུ་ཕྱི་ཕྱོགས་སུ་ཕེབས་པ་དང་། མཁན་པོ་བྱམས་པ་ཡོན་ཏན་གྱིས་ཡིག་ཚང་གི་རྒྱུན་ལས་བྱས་པ་དང་གྲྭ་ཚང་ནས་འོས་བསྡུའི་ལམ་ནས་གྲྭ་ཚང་གི་གྲྭ་ཕུན་ཚོགས་གཉེར་པར་བསྐོ་གཞག་བྱས། ཕྱི་ལོ་༢༠༠༨ ལོར་གཞི་རིམ་སློབ་ཕྲུག་གསར་བསྡུ་བྱས་ཏེ་སློབ་ཕྲུག་རྣམ་པའི་འཚོ་གོས་སོགས་ཀྱི་མཐུན་རྐྱེན་དང་ཤེས་ཡོན་སློབ་སྦྱོང་སྤྲད།ཕྱི་ལོ་༢༠༠༩ལོར་རྒྱལ་བ་མདོ་ཁམས་པ་མཆོག་གིས་གཙོས་བླ་སྤྲུལ་རྟོགས་ལྡན་རྣམ་པར་ལམ་སྟོན་ཞུས་ཏེ་བཤད་གྲྭ་རང་ནས་སློབ་གཉེར་བ་གྲྭ་ལྷུན་གྲུབ་དཔལ་ལྡན་གཉེར་པར་བསྐོ་གཞག་བྱས་ཤིང་། མཁན་པོ་བློ་གསལ་བཟང་པོས་སྔར་བཞིན་དགེ་འདུན་པའི་ཞལ་ལག་སོགས་ཀྱི་འགྲོ་སོང་ཐབས་ཤེས་གནང་བ་དང་། མཁན་པོ་བྱམས་པ་ཡོན་ཏན་གྱིས་མུ་མཐུད་དེ་ཡིག་ཚང་གི་རྒྱུན་ལས་དང་སློབ་གླིང་གསར་བཞེང་གི་གཙོ་འགན་ཁུར།
འདི་ག་གཞིས་ལས་ཁང་གི་དབུ་འཛིན་གཞོན་པ་སྤྲུལ་སྐུ་སྤོབས་པ་རིན་པོ་ཆེ་མཆོག་གིས་གཙོས་རྒྱུན་ལས་རྣམ་པས་གཞིས་ཆགས་དང་རྒྱ་གར་གྱི་ཡུལ་མིའི་ཆེད་དུ་ཉིན་མོའི་སློབ་གྲྭ་ཞིག་གསར་དུ་བཞེངས་པ་དེ། བཤད་གྲྭར་གནང་ཐུབ་ན་དགེ་མཚན་ཆེ་སྐོར་ཞུས་པ་ལྟར་གནང་བའི་སློབ་ཁང་དེར་ཆབ་ཁང་དང་ཁྲུས་ཁང་སོགས་ཀྱི་དགོས་མཁོ་ཁག་ཅིག་ཐབས་ཤེས་ཀྱིས་སློབ་ཕྲུག་རྣམ་པ་དེར་གནས་སྤོས་བྱས།ཕྱི་ལོ་༢༠༡༠ ལོར་རྒྱལ་བ་མདོ་ཁམས་པ་མཆོག་དང་སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ། རྟོགས་རྒན་ཨ་ཆོས་རྣམ་གསུམ་ལ་ལམ་སྟོན་ཞུས་ཏེ་སློབ་གླིང་འདི་ཉིད་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ནས་ལས་ཤོག་དང་ལས་ཐམ། ཁ་བྱང་སོགས་གཏན་ཁེལ་བྱས། ཕྱི་ལོ་༢༠༡༡ མཁན་པོ་བློ་གསལ་བཟང་པོས་མུ་མཐུད་དེ་དཔལ་འབྱོར་འདུ་འགོད་གནང་བ་དང་།མཁན་པོ་ངག་དབང་བཟང་པོ་གུང་སེང་དང་སྐབས་བསྟུན་ཏེ་ཕྱི་ལོགས་སུ་ཕེབས་ནས་དཔལ་འབྱོར་གྱི་ཐབས་ཤེས་གནང་། གྲུ་གུ་ཆོས་རྒྱལ་རིན་པོ་ཆེ་མཆོག་ལ་བཤད་གྲྭའི་ཞལ་ལག་གི་མ་དངུལ་ཆེད་གཟིགས་རོགས་ཞུས་ཏེ་ཁོང་ཕྱི་ལོགས་སུ་ཕེབས་ནས་ཐབས་ཤེས་གང་དྲག་་གནང་། མཁན་པོ་བྱམས་པ་ཡོན་ཏན་གྱིས་རྒྱུན་ལས་དང་སློབ་གླིང་གསར་བཞེང་གི་གཙོ་འགན་སྔར་བཞིན་ཁུར་བ་དང་།
ཕྱི་ལོ་༢༠༡༡ ཡས་མས་སུ་མཁན་པོ་བློ་གསལ་གྱི་ཐུགས་དགོངས་ལྟར་བཤད་གྲྭས་རྒྱལ་བ་མདོ་ཁམས་པ་མཆོག་ལ་ལན་སྟོན་ཞུས་ཏེ་མ་ལེ་ཤི་ཡར་ཆོས་ཚོགས་ཤིག་བཙུགས་ཏེ་ཆོས་ཚོགས་ཀྱི་དབུ་འཛིན་མཁན་པོ་བློ་གསལ་གྱིས་གནང་།

ཕྱི་ལོ་༢༠༡༢ བཤད་གྲྭའི་གྲྭ་བཀྲ་ཤིས་གཉེར་པར་བསྐོ་གཞག་བྱས་པ་དང་མཁན་པོ་བློ་གསལ་བཟང་པོ་དང་མཁན་པོ་ངག་དབང་བཟང་པོ་རྣམ་གཉིས་ནས་བཤད་གྲྭའི་ཞལ་ལག་སོགས་ཀྱི་འགྲོ་སོང་ཐབས་ཤེས་གནང་བ་དང་། སྤྲུལ་སྐུ་སྤོབས་པའང་བཤད་གྲྭའི་འགྲོ་སོང་ཆེད་དུ་ཕྱི་ལོགས་སུ་ཕེབས་རོགས་ཞུས་པ་ལྟར་ཐའེ་ཝན་དུ་ཕེབས་ཏེ་ལོ་དེར་དཔལ་འབྱོར་གང་ཐུབ་ཐབས་ཤེས་གནང་དང།
ཐའེ་ཝན་ཁམས་སྒར་ཆོས་ཚོགས་ཀྱི་དབུ་འཛིན་བླ་མ་ཤེས་རབ་ཀྱིས་སློབ་གཉེར་བའི་སྨན་གྱི་ཆེད་དུ་འགྲོ་སོང་ཐབས་ཤེས་གནང་བ་དང་།མཁན་པོ་བྱམས་པ་ཡོན་ཏན་གྱི་རྒྱུན་ལས་དང་སློབ་གླིང་གསར་བཞེང་གི་གཙོ་འགན་དང་ལྷུན་གྲུབ་དཔལ་ལྡན་གྱིས་སློབ་གླིང་གསར་བཞེང་སོགས་ཀྱི་ཐད་ནས་ཕྱག་རོགས་གནང་། ཕྱི་ལོ་ ༢༠༡༣ ཡས་མས་སུ་མཁན་པོ་ངག་དབང་བཟང་པོའི་ཐུགས་དགོངས་ལྟར་ཐའེ་ཝན་དུ་ཆོས་ཚོགས་ཤིག་བཙུགས་ཏེ་ཆོས་ཚོགས་ཀྱི་དབུ་འཛིན་དེ་མཁན་པོ་ངག་དབང་བཟང་པོ་ཁོང་གིས་གནང་།

ཕྱི་ལོ་༢༠༡༥ ལོར་བཤད་གྲྭའི་གྲྭ་ཨོ་རྒྱན་གཉེར་པ་བྱས་པ་དང་མཁན་པོ་བློ་གསལ་བཟང་པོས་སློབ་གླིང་གསར་པའི་ལྕགས་རིའི་ཆེད་དུ་དཔལ་འབྱོར་འདུ་འགོད་གནང་བ་དང་། མཁན་པོ་ངག་དབང་བཟང་པོས་དགེ་འདུན་པའི་རྒྱུན་ལྡན་གྱི་ཞལ་ལག་ཆེད་དུ་ཐབས་ཤེས་གནང་། བླ་མ་ཤེས་རབ་ཀྱིས་སྨན་གྱི་འགྲོ་སོང་ཐབས་ཤེས་གནང་།མཁན་པོ་བསྟན་འཛིན་སྟོབས་རྒྱལ་དང་མཁན་པོ་བསོད་ནམས་དབང་རྒྱལ་རྣམ་གཉིས་ཀྱིས་དངུལ་གཉེར་སོགས་ཀྱིས་རྒྱུན་ལས་གནང་བ་དང་། ལྷུན་གྲུབ་དཔལ་ལྡན་གྱིས་སློབ་གླིང་གསར་སྐྲུན་གྱི་ཡིག་ཆ་སོགས་ཀྱི་ཐད་ཕྱག་ལས་གནང་།
ཕྱི་ལོ་༢༠༡༦།མཁན་པོ་བློ་གསལ་བཟང་པོས་ལྕགས་རིའི་ཆེད་དུ་དཔལ་འབྱོར་འདུ་འགོད་གནང་བ་དང་མཁན་པོ་ངག་དབང་བཟང་པོས་རྒྱུན་ལྡན་འགྲོ་སོང་ཆེད་དུ་ཐབས་ཤེས་གནང་། བླ་མ་ཤེས་རབ་ཀྱིས་སྨན་གྱི་འགྲོ་སོང་ཆེད་དུ་ཐབས་ཤེས་སྔར་བཞིན་གནང་།མཁན་པོ་བྱམས་པ་ཡོན་ཏན་གྱིས་ཡིག་ཚང་གི་རྒྱུན་ལས་དང་སློབ་གླིང་གསར་བཞེང་གི་གཙོ་འགན་ཁུར་ཞིང་། མཁན་པོ་བློ་གསལ་དང་སྤྲུལ་སྐུ་སྤོབས་པ། ཡེ་ཤེས་ཕུན་ཚོགས།སེང་གེ་བཅས་ཀྱིས་ཀྱི་སློབ་གླིང་གསར་བཞེང་ཆེད་དུ་ཕྱག་རོགས་གནང་།ཕྱི་ལོ་༢༠༡༧ ལོར་སེང་གེ་གཉེར་པར་བསྐོ་གཞག་དང་། མཁན་པོ་བློ་བསལ་བཟང་པོས་ལྕགས་རིའི་ཆེད་དུ་དཔལ་འབྱོར་ཐབས་ཤེས་གནང་མུས་དང་། མཁན་པོ་ངག་དབང་བཟང་པོས་འགྲོ་སོང་ཐབས་ཤེས་གང་དྲག་གནང་བཞིན་པ།
བླ་མ་ཤེས་རབ་ཀྱིས་སྨན་གྱི་འགྲོ་སོང་ཐབས་ཤེས་གནང་མུས།མཁན་པོ་ཆོས་དབྱིངས་ལྷུན་གྲུབ་གུང་སེང་སྐབས་ཕྱི་ལོགས་སུ་ཕེབས་ཏེ་དཔལ་འབྱོར་གང་ཡོང་ཐབས་ཤེས་གནང་བ་དང་
མཁན་པོ་བྱམས་པ་ཡོན་ཏན་གྱིས་རྒྱུན་ལས་དང་སློབ་གླིང་གསར་བཞེངས་སོགས་ཀྱི་ཕྱག་ལས་སྔར་མུས་དང་། མཁན་པོ་བློ་གསལ་བཟང་པོ་དང་སྤྲུལ་སྐུ་སྤོབས་པ། ཡེ་ཤེས་ཕུན་ཚོགས།བཀྲ་ཤིས་བཅས་ཀྱི་སློབ་གླིང་གསར་བཞེང་ལ་ཕྱག་རོགས་གནང་།
ཕྱི་ལོ་༢༠༡༨ལོར་སློབ་དཔོན་ཚུལ་ཁྲིམས་བཟང་པོ་ཝེ་ནམ་ཀྱི་ཆོས་ཚོགས་དང་ལྷུན་གྲུབ་དཔལ་ལྡན་ཐེ་ཝན་བཤད་གྲྭའི་ཆོས་ཚོགས་སུ་བཏང་ཞིང་།མཁན་པོ་བློ་གསལ་བཟང་པོས་ལྕགས་རིའི་ཆེད་དུ་ཐབས་ཤེས་གནང་བཞིན་པ་དང་མཁན་པོ་ངག་དབང་བཟང་པོས་ཞལ་ལག་སོགས་ཀྱི་འགྲོ་སོང་ཐབས་ཤེས་གནང་བཞིན་པ་དང་།བླ་མ་ཤེས་རབ་ཀྱིས་སྨན་གྱི་འགྲོ་སོང་ཐབས་ཤེས་གནང་བཞིན་པ་དང་། མཁན་པོ་བྱམས་པ་ཡོན་ཏན་གྱིས་ཡིག་ཚང་དང་སློབ་གླིང་གསར་བཞེང་བཅས་ཀྱི་གཙོ་འགན་འཁུར་བཞིན་པ་དང་།མཁན་པོ་བློ་གསལ་དང་།སྤྲུལ་སྐུ་སྤོབས་པ།ཡེ་ཤེས་ཕུན་ཚོགས། བཀྲ་ཤིས་བཅས་ཀྱིས་སློབ་གླིང་གསར་བཞེང་ལ་ཕྱག་རོགས་གནང་བཞིན་པ་བཅས་སོ།།

ཡིག་ཚང་འདིའི་ལས་འགན་གཙོ་བོ་དེ་བཤད་གྲྭ་དང་སློབ་གྲྭ་བཅས་ཀྱི་རྒྱུན་ལྡན་དང་སློབ་གླིང་གསར་པའི་འཛུགས་སྐྲུན་སོགས་ཀྱི་འཆར་གཞི་དང་དཔལ་འབྱོར་འདུ་འགོད་གནང་སྟངས། དཔལ་འབྱོར་བེད་སྤྱོད་གཏོང་ཕྱོགས།གཉེར་ཚང་དང་སློབ་གྲྭ་བཅས་ཀྱི་འགྲོ་སོང་སོགས་ལ་ལྟ་རྟོག་བྱ་རྒྱུ་དང་རྒྱ་གར་གཞུང་དང་ནང་ཁུལ་དུ་རྩིས་རྒྱག་རྒྱུ། ལས་ཤོག་བེད་སྤྱོད་གཏོང་ཕྱོགས།སྐབས་དང་དུས་སུ་ཚོགས་འདུ་སྐོང་རྒྱུ། འབྲེལ་ཡོད་བླ་སྤྲུལ་རྣམས་དང་གྲྭ་ཚང། འབྲེལ་ཡོད་དགོན་སྡེ་ཁག་དང་ཆོས་ཚོགས། ཚོགས་སྡེ་ཁག་ལ་འབྲེལ་བ་སོགས་གནང་ཡོད་ཅིང།
ཡིག་ཚང་གི་རྒྱུན་ལས་སམ་གཙོ་འགན་དེ་མཁན་པོ་བྱམས་པ་ཡོན་ཏན་གྱིས་ཁུར་ཞིང་། མཁན་པོ་བློ་གསལ་བཟང་པོ་དང་མཁན་པོ་ངག་དབང་བཟང་པོ་རྣམ་གཉིས་ཀྱིས་རྒྱུན་ལྡན་གྱི་འགྲོ་སོང་ཆེད་དུ་གཟིགས་རྟོག་གནང་མུས་དང་། ལྷུན་གྲུབ་དཔལ་ལྡན་དང་རྩིས་པ་སོགས་ཀྱིས་ཕྱག་རོགས་ཞུས་ཡོད།

Show Buttons
Hide Buttons