གཙོ་ངོས། / ༸དཔལ་རྒྱལ་བ་མདོ་ཁམས་པའི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར།

༸དཔལ་རྒྱལ་བ་མདོ་ཁམས་པའི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར།

བསིལ་ལྡན་བོད་ཀྱི་ལྗོངས་སུ་རྒྱལ་བསྟན་ཉིན་མོའི་སྣང་བས་ཁྱབ་པར་གྱུར་པ་ལས། དྭགས་བརྒྱུད་སྙིང་པོ་དཔལ་ལྡན་འབྲུག་པའི་བསྟན་པ་རིན་པོ་ཆེ་ཞེས་བོད་ཡུལ་གྲུབ་མཐའི་དབུས་ན་མངོན་པར་མཐོ་བ་དེ་ནི། རྒྱ་གར་འཕགས་པའི་ཡུལ་ན་སྙིང་པོ་སྐོར་པ་ཞེས་ ཡོངས་སུ་གྲགས་པ། དཔལ་ས་ར་ཧ་དང༌། ཏིལ་ནཱ་མཻ་ཏྲི་པ་སོགས་ ལས་བརྒྱུད་དེ་བོད་ཡུལ་གྱི་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དང་། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ་རྣམས་ཀྱིས་ཚུལ་བཞིན་ ཉམས་བཞེས་གནང་བའི་གདམས་བཅུད་ཟབ་མོ་རྣམས་བདེ་གཤེགས་ཁམས་པ་རྡོ་རྗེ་རྒྱལ་པོའམ། འགྲོ་མགོན་ཕག་མོ་གྲུ་པའི་ཐུགས་ཀྱི་བུམ་པར་བསྐྱིལ་བ་ལས། རྒྱ་གར་ཆུ་བོ་གངྒཱ་ཚུན་ཆད་དུ་རྟོགས་པ་མཐོ་བའི་གྲགས་སྙན་གྱིས་ཁྱབ་ཅིང་། དཔལ་ས་ར་ཧ་ཆེན་པོའི་སྤུན་ཟླར་འོས་པ་གྲུབ་ཐོབ་གླིང་ཆེན་རས་པས་བཞེས་ཏེ། དོན་བརྒྱུད་ཀྱི་གསེར་བཟང་ཁྱད་པར་བ་དེ་ཉིད། མཚུངས་པ་མ་མཆིས་པའི་ཡོན་ཏན་གྱི་ཁུར་གྱིས་ལྕི་བའི་མཁས་གྲུབ་ཀྱི་དབང་ཕྱུག་འཇིག་རྟེན་འདི་ ན་སྟོན་པ་གཉིས་པ་བཞིན་དུ་ས་ཆེན་པོའི་རྡུལ་ལ་འགྲན་པའི་འགྲོ་བ་བགྲང་གིས་མི་ལོང་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་སར་ སྒྲོལ་བར་མཛད་པ་ལ་གཞན་དྲིང་མི་འཇོག་པ། མཚན་བརྗོད་པར་ དཀའ་བ་རྒྱ་རས་ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་དེས་གདམས་བཅུད་ཀུན་གྱི་ ཡང་སྙིང་རྗེན་ཅེར་དུ་བསྟན་ནས། གངས་ཅན་ན་ཆོས་ཀྱི་སྒྲ་ཆེན་ པོ་འཇིགས་པ་མེད་པའི་དབྱངས་ཀྱིས་བསྒྲགས་ཤིང༌། གནམ་ཞེས་ བྱ་བའི་ལུང་པར་གདན་ས་ཐོག་མར་ཕྱག་བཏབ་པའི་སྐབས་སུ་ནམ་ མཁའ་ལས་དབྱར་རྔའི་སྐད་གསང་གསལ་ལ་སྙན་པ་འབིར་བའི་ དབྱངས་སུ་ལན་དགུར་གྲགས་པས་གདན་སའི་མཚན་ལ་འབྲུག་ཅེས་ བཏགས་ཤིང་། བླ་མ་དང་གདན་ས་དེའི་ཆོས་བརྒྱུད་འཛིན་པ་ཡོངས་ ལ་འབྲུག་པ་དཀར་བརྒྱུད་ཅེས་པའི་མཚན་ཆགས། དེ་ལ་རང་མཉམ་ གྱི་སློབ་མ་རྟོགས་ལྡན་གྲུབ་ཐོབ་ཀྱི་བརྒྱུད་པ་ཟམ་མ་ཆད་པར་བྱོན་པ་ ཤིན་ཏུ་མང་བ་དེ་དག་ལས། སྟོད་འབྲུག སྨད་འབྲུག བར་འབྲུག གདན་ས་བརྒྱུད་པ་ཞེས་ཆེས་འཕེལ་ནས་མདོར་ན། འཇིག་རྟེན་ན་ མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཅེས་ གྲགས་ཏེ་དཔལ་ལྡན་འབྲུག་པའི་བསྟན་པས་མ་ཁྱབ་པ་མེད་པར་གྱུར།

དེ་ལྟ་བུའི་བསྟན་པ་བོད་ཆེན་པོའི་ལྗོངས་སུ་ཆེར་གསལ་ཞིང་ དར་རྒྱས་སུ་མཛད་པོ་༸རྒྱལ་བ་མདོ་ཁམས་པའམ་ཁམས་སྤྲུལ་རིན་པོ་ཆེ་ཞེས་གྲགས་པའི་ཅོད་པཎ་ཕྱོགས་ཀྱི་བུ་མོའི་རྣ་རྒྱན་དུ་དཔྱངས་ པའི་སྐུ་རབས་རིམ་བྱོན་ནི། བསྐལ་བཟང་དང་པོའི་སངས་རྒྱས་འཁོར་ བ་འཇིག་དང༌། མཚོ་འཁྲུངས་རྒྱལ་བ་གཉིས་པ་ཟུང་དུ་འཇུག་པའི་ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཏེ། ངེས་པའི་དོན་དུ་གཅིག་ཏུ་ ་མངོན་པར་རྫོགས་པ་སངས་རྒྱས་སུ་ཟིན་ཀྱང་། ཚད་མེད་པའི་ཐུགས་ d རྗེ་ཆེན་པོས་འཁོར་བ་ཇི་སྲིད་དུ་འགྲོ་བའི་ཁམས་ཡལ་བར་མི་འདོར་ བ་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ཡིན་ལ། མཐའ་ཡས་པའི་ཞིང་ཁམས་ རྣམས་སུ་གདུལ་བྱ་སོ་སོའི་སྣང་བ་དང་མཐུན་པར་སྤྲུལ་པའི་རྣམ་རོལ་ ཚད་མེད་པར་སྣང་བ་ལས་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ཡང་། སྟོན་པའི་འཁོར་དུ་དགྲ་བཅོམ་པ་ཆོས་ཀྱི་བློ་གྲོས། གྲུབ་བརྙེས་ཆེན་ པོ་བིར་ཝ་པ་དང༌། མཆོག་གི་དངོས་གྲུབ་བརྙེས་པའི་གྲུབ་ཐོབ་ཀ་ མ་ལ་བཛ། རྣལ་འབྱོར་གྱི་རྒྱལ་པོ་ཕ་དམ་པ་སངས་རྒྱས། འཆི་ མེད་རྡོ་རྗེའི་སྐུ་བརྙེས་དགེ་སློང་ནམ་མཁའི་སྙིང་པོ། རྒྱལ་དབང་པདྨའི་ ཐུགས་སྲས་སྔགས་འཆང་རོལ་པ་རྩལ། སྙིང་པོའི་བསྟན་པ་འཛིན་ པའི་གྲུབ་ཐོབ་མཻ་ཏྲི་པ། རྗེ་བཙུན་མི་ལའི་དྲུང་དུ་ཁྱི་ར་བ་མགོན་པོ་ རྡོ་རྗེ། སྒྲུབ་བརྒྱུད་བསྟན་པའི་སྤྱི་མེས་མཁས་གྲུབ་རྡོ་རྗེ་རྒྱལ་པོ། སྙན་ བརྒྱུད་དྲི་མ་མེད་པའི་ཆོས་ཀྱི་གསང་མཛོད་འཛིན་ཅིང་བཀའི་བསྡུ་ བ་པོ་མཆོག་གི་སྤྲུལ་པའི་སྐུ་སྟག་ལུང་མར་ཐང་པའི་གདན་རབས་ཐོག་ མར་ཕེབས་པ་གྲགས་པ་དཔལ་དང་། དཔལ་ལྡན་རྒྱ་རས་བརྒྱུད་ འཛིན་གྲུབ་ཐོབ་རྡོ་གསོལ་བ་དང་། གྲུབ་རིག་རྒྱ་མཚོའི་གཙུག་རྒྱན་ འབའ་ར་བ་རྒྱལ་མཚན་དཔལ་བཟང་། ཟབ་གཏེར་མངའ་བདག་ སྤྲུལ་པའི་གཏེར་ཆེན་ཆོས་རྒྱལ་རཏ་ཎ་གླིང་པ། དོན་བརྒྱུད་བསྟན་པའི་ཁྱུ་མཆོག་འཁྲུལ་ཞིག་རིན་པོ་ཆེ། ཟུང་འཇུག་སྐུ་བརྙེས་ཀུན་སྤངས་ཆེན་པོ་སྒྱུ་མའི་གར་མཁན་ཏེ། འཕགས་བོད་ཀྱི་ལྗོངས་སུ་རིམ་དང་གཅིག་ཆར་སྣ་ཚོགས་པའི་དག་ཆེན་སྐྱེ་བའི་ཕྲེང་བ་བརྒྱུད་མར་བཟུང་བའི་སྤྲུལ་པའི་རོལ་པས་བསྟན་འགྲོའི་ཕན་བདེ་སྤེལ་བར་མཛད་ཅིང་།ཁྱད་པར་མདོ་ཁམས་པར་གྲགས་པའི་སྐུ་རབས་བར་མ་ཆད་པར་བྱོན་པའི་དང་པོ།

ཁམས་པ་གྲུབ་ཆེན་ཀརྨ་བསྟན་འཕེལ་ནི།

རབ་བྱུང་བཅུ་གཅིག་པའི་ས་མུལ། ཕྱི་ལོ་༡༥༤༨ ལ་ཁམས་ཁོ་ཚ་རིན་ཆེན་སྒང་ ཞེས་པར་སྐུ་འཁྲུངས། སྟག་ལུང་མར་ཐང་རི་བོ་ཆེ་ཞེས་སྟག་ལུང་ ཐང་པ་རིན་པོ་ཆེའི་དབོན་བརྒྱུད་གསུམ་པ་སངས་རྒྱས་དབོན་གྱིས་ བཏབ་པའི་གདན་ས་དེའི་གྲྭ་སར་ཞུགས་ཤིང་དཀོར་གཉེར་གྱི་མཛད་ འགན་ཡང་ཅུང་ཟད་བསྐྱངས། ཕྱིས་སུ་མདོ་སྔགས་རིག་གནས་ དང་བཅས་པར་གསན་བསམ་རྒྱ་ཆེར་མཛད། རྒྱལ་དབང་ཀརྨ་པ་ སྐུ་ཕྲེང་དགུ་པ་དབང་ཕྱུག་རྡོ་རྗེ་ལས་བསྙེན་རྫོགས་སྒྲུབ། སྟག་ལུང་ མར་ཐང་གི་སེངྒེའི་ཁྲི་ལ་བཞུགས་པ་རྗེ་དྲུང་མཚོ་སྐྱེས་རྡོ་རྗེ་སོགས་ རིས་མེད་ཀྱི་བླ་མ་དམ་པ་ཚུལ་བཞིན་བསྟེན་ནས་དབང་ལུང་མན་ ངག་རྒྱ་མཚོ་ལྟ་བུ་གསན། ཁྱད་པར་དུ་སྔོན་ནས་ལས་ཀྱིས་འབྲེལ་ བའི་བླ་མ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྒྱུ་འཕྲུལ་རྟོགས་པ་དོན་ བརྒྱུད་ཀྱི་བཀའ་བབས་མཉམ་མེད་ལྷ་རྩེ་བ་ངག་དབང་བཟང་པོ། རང་དོན་རྟོགས་པའི་རྒྱལ་ས་ཟིན་ཅིང༌། གཞན་དོན་ཐུགས་རྗེ་ནུས་ ཕྲིན་ཁྱད་པར་དུ་འཕགས་པའི་དཔལ་ལྡན་འབྲུག་པ་དཀར་བརྒྱུད་ ཀྱི་གྲུབ་བརྙེས་ཆེན་པོ་དེའི་མཚན་སྙན་གསན་པ་ཙམ་གྱིས་འཕྲོག་ ཏུ་མེད་པའི་དད་པ་སྐྱེས་ནས་དེའི་དྲུང་དུ་ཆོས་ཕྱིར་གཤེགས། བླ་ མས་བརྩེ་བས་རྗེས་སུ་བཟུང་ཞིང་ཞབས་པད་མཉེས་པ་གསུམ་གྱིས་ བསྟེན་ནས་དཔལ་ལྡན་འབྲུག་པའི་གདམས་སྐོར་ཆ་ཚང་གསན་ཞིང་ རིགས་བདག་གཙོ་བོར་གྱུར། སྲིད་པའི་གདུང་བ་མ་ལུས་སྐྱེངས་ པར་བྱེད་པའི་དཀའ་ཐུབ་དང་བཅས། སྒྲུབ་པ་ཚད་དུ་བསྐྱལ་བས་ དྲོད་རྟགས་མངོན་དུ་གྱུར་ནས། ཆོས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ ཤེས་མངོན་དུ་གཟིགས་ཏེ་གྲུབ་པའི་རྒྱལ་སྲིད་ལ་དབང་འབྱོར་ནས་ སྲ་མཁྲེགས་རྡོ་ཡི་ངོས་སུ་ཞབས་སོར་གྱི་རི་མོ་གསལ་བར་བཀོད་པ་ སོགས་ངོ་མཚར་བའི་མཛད་པ་བསམ་གྱིས་མི་ཁྱབ། དེ་ནས་བླ་མས་ ལུང་བསྟན་ཏེ། ཁྱོད་ཀྱི་འགྲོ་དོན་ཁམ་སུ་ཡོད་པས་དེར་སྒྲུབ་པའང་ གྱིས། འགྲོ་དོན་ཀྱང་སྐྱོངས་ཤིག་ཅེས་རྡོ་རྗེའི་ལུང་གིས་དབུགས་ དབྱུང་བ་ལྟར་ཁམས་སུ་ཕེབས་ནས་མི་ཤིགས་རྡོ་རྗེའི་ཡང་རྫོང་དང༌། ཌཱ་ཀི་གསང་ཕུག་སོགས་སུ་སྒྲུབ་པ་མཐར་བསྐྱལ་ཞིང་། སྐབས་དེར་ གཞུང་གྲྭ་མ་བརྩིས་པའི་ལས་ཅན་གྱི་སློབ་མ། སྒྲུབ་པའི་རྣལ་འབྱོར་ སྙིང་པོར་བྱེད་པའི་ཅོག་བུ་བ་ཆིག་སྟོང་བརྒལ་བ་འདུས། དེ་དག་ གི་ནང་ནས་སློབ་མའི་གཙོ་བོ། འཛི་སྒར་བསོད་ནམས་རྒྱ་མཚོ། གྲུ་གུ་ཆོས་རྒྱལ་རྒྱ་མཚོ། འཁྲུག་ཞིག་ཕྲིན་ལས་རྒྱ་མཚོ་སྟེ་རྒྱ་མཚོ་ རྣམ་གསུམ་དང༌། ཡང་ན་དེ་གསུམ་གྱི་སྟེང་། དགོན་ཕུ་གཞན་ ཕན་རྒྱ་མཚོ། ནུབ་དགོན་ཆོས་རྒྱལ་རྒྱ་མཚོ། པད་སྙིང་ཀརྨ་རྒྱ་ མཚོ། བསྟན་འཕེལ་ཀུན་བཟང་རྒྱ་མཚོ། མ་ཎི་བྱམས་པ་རྒྱ་མཚོ། མ་དགོན་མཁར་དམར་རྒྱ་མཚོ་སྟེ་དྲུག་བསྣན་པས་རྒྱ་མཚོ་རྣམ་ དགུས་མཚན་གྱིས་སྒེག་པ་སོགས་ཀྱིས་མཚོན་གྲུབ་ཐོབ་ཀྱི་ཚང་ཆེན་ པོ་བརྡོལ་ནས་མདོ་ཁམས་ཀྱི་ལྗོངས་ཀུན་ཏུ་སློབ་མ་དང་ཡང་སློབ་ སོགས་ཀྱི་ཆོས་གཞིས་དང་སྒྲུབ་གནས་ཀྱིས་མ་ཁྱབ་པ་མེད་པ་ལྟ་བུར་ གྱུར་ནས་ཡུལ་ལྗོངས་དང་བླ་མའི་མཚན་གཅིག་འདྲེས་སུ་གྱུར་ཏེ་ རྒྱལ་བ་མདོ་ཁམས་པ་ཞེས་གྲགས་པའི་ཨུཏ་པལ་ཐོག་མར་བཞད་ ཅིང༌། བོད་ཆེན་པོའི་ལྗོངས་སུ་སྒྲུབ་བརྒྱུད་བསྟན་པའི་ཆུ་འགོ་ལྟ་ བུར་གྱུར་ནས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པ་ལ་བྱ་བ་ རླབས་ཆེན་མཛད་པས་མ་ཚད་རྒྱལ་བསྟན་རིས་སུ་མ་ཆད་པའི་ལེགས་ མཛད་ཕན་བདེ་སྤེལ་ནས་ཕྱི་མའི་མཐའི་བར་མི་ཉམས་པའི་བཀའ་ དྲིན་གཞལ་དུ་མེད་པ་བསྐྱང་བའི་ཚུལ་ཡང་། ༸རྒྱལ་མཆོག་བདུན་ པ་བསྐལ་བཟང་རྒྱ་མཚོས་ཁམས་སྤྲུལ་སྐུ་ཕྲེང་བཞི་པ་བསྟན་འཛིན་ ཆོས་ཀྱི་ཉི་མར་སྩལ་བའི་ཤེ་བམ་དུ། མདོ་ཁམས་སྒང་དྲུག་ཏུ་སངས་ རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལས་ཕྱི་རོལ་ཏུ་གྱུར་པ་བེ་རི་བོན་པོ་ཞེས་ པས་ཤཱཀྱ་སེངྒེའི་རིང་ལུགས་པ་རྣམས་ལ་ཤིན་ཏུ་མི་བཟོད་པའི་སྡང་ ཞུགས་ཀྱི་བསྟན་པ་དམིགས་མེད་དུ་རྒྱས་འདེབས་པར་ཉེ་ཞིང་། ལུགས་གཉིས་ཀྱི་སྒོ་ནས་མངོན་པར་འབྱོར་བ་ཕལ་ཆེར་ཀྱང་ངན་པ་ དེ་དག་གི་རྗེས་སུ་ཞུགས་པར་ཕྱོགས་པའི་སྐབས། ཁམས་པ་བླ་མ་ ཀརྨ་བསྟན་འཕེལ་མཆོག་ནས་ཐུབ་བསྟན་སྤྱིའི་ཞབས་འདེགས་ལ་ ལྷག་བསམ་རྣམ་དག་གི་སྒོ་ནས་རིས་མེད་ཀྱི་རབ་བྱུང་བ་ཀུན་ལ་ཕན་ བཏགས་ཤིང་བྱ་བ་ལས་ཀྱི་འཁོར་ལོ་གོ་འཇོ་གཉེར་རྒོད་མས་གསང་ བདག་གོ་ཤྲཱི་རྒྱལ་པོ་གཏུམ་དྲག་གི་དཔུང་དང་བཅས་པ་མཚོ་ཁྲི་ཤོར་ རྒྱལ་མོ་ནས་མདོ་ཁམས་ཕྱོགས་སུ་ཕེབས་པའི་སྣ་དྲངས་ཏེ་བེ་རི་བོན་ པོ་ལྟོས་བཅས་དུས་གཅིག་ཏུ་བཅོམ་ནས་རྒྱལ་བའི་བསྟན་པ་རིན་ པོ་ཆེ་སྤྱི་དང་། ཁྱད་པར་དགའ་ལྡན་ཕོ་བྲང་ཞྭ་སེར་ཅོད་པཎ་འཆང་ བའི་ཆོས་སྲིད་ཀྱི་དབུ་བརྙེས། དབུས་གཙང་ཁམས་གསུམ་གྱི་གཙོས་ ཉི་འོག་གི་རྒྱལ་ཁམས་མཐའ་དག་བདེ་འཇགས་ཀྱི་ཐོག་མ་བྱུང་། ཞེས་ ཕེབས་པ་ལྟར་བོད་ལྗོངས་སུ་བསྟན་འགྲོའི་ཕན་བདེ་ཕྱོགས་བརྒྱར་ སྒྲེང་བར་མཛད་ནས། རེ་ཞིག་ཞིང་འདིའི་གདུལ་བྱ་དེ་ཙམ་དུ་ གཟིགས་ཏེ་ཉིད་ཀྱི་ཐུགས་སྲས་ཀྱི་ཐུ་བོ་གྲུབ་པའི་དབང་ཕྱུག་ཆེན་པོ་ འཛི་སྒར་བསོད་ནམས་རྒྱ་མཚོར་སློབ་མ་རྣམས་སྐྱོང་དགོས་པ་སོགས་ ཕྱི་མཐའི་ཞལ་ཆེམས་ལྷུག་པར་སྩལ་ཞིང་དགུང་གྲངས་༦༩ རབ་ བྱུང་བཅུ་གཅིག་པའི་མེ་གླང༌། ཕྱི་ལོ་༡༦༢༧ ལ་ཞི་བའི་དབྱིངས་ སུ་དགྱེས་པའི་སྤྱན་ཟུར་ལྷུང་།

སྐུ་རབས་གཉིས་པ་ཀུན་དགའ་བསྟན་འཕེལ་ནི།

མདོ་ཁམས་དབེས་མདའ་ཞེས་པར། རབ་བྱུང་བཅུ་གཅིག་པའི་ས་ཡོས། ཕྱི་ ལོ་༡༦༣༩ ལོར་སྐུ་འཁྲུངས། འཛི་སྒར་བསོད་ནམས་རྒྱ་མཚོ་མཆོག་ གིས། ཀརྨ་བསྟན་འཕེལ་གྱི་གདན་སའི་གྲས། བྲག་ཡབ་ཚོགས་ བརྒྱ་རིན་ཆེན་དགོན་དུ་གསེར་ཁྲིར་མངའ་གསོལ་ཞུས། དེ་ནས་འབྲི་ ཀློག་སོགས་ནས་བརྩམས་སྐུ་ཡོན་གསན་བསམ་རྒྱ་ཆེར་མཛད་ཅིང་། ཕྱི་ནང་གི་རིག་གནས་དང་། དཀྱིལ་འཁོར་བྲི་ཐིག་ལས་རབ་འབྱམས་ ཐམས་ཅད་ལ་བྱང་ཆུབ། དབུས་སུ་སྐུ་གོང་མའི་བླ་མའི་གདན་ས་ འབྲུག་བདེ་ཆེན་ཆོས་འཁོར་དུ་ཕེབས་ནས་རྡོ་རྗེ་སློབ་དཔོན་གྱི་མཛད་ འགན་ཡང་ལོ་མང་རིང་སྐྱོང༌། ཞབས་དྲུང་དང་ཡོངས་འཛིན་རིན་ པོ་ཆེ་ཟུང་ལས། ཁྱབ་བདག་རྡོ་རྗེ་འཆང་དང་། གྲུབ་ཆེན་ཏིལ་ནཱ་ སོགས་ནས་རྒྱ་བོད་ཀྱི་མཁས་གྲུབ་གསེར་རིའི་ཕྲེང་བ་ལྟ་བུར་བརྒྱུད་ ཅིང་མི་བར་དུ་ཁྱི་མ་ཞུགས། མཁའ་འགྲོའི་ཁ་རླངས་མ་ཡལ་བའི་ ཟབ་ལམ་ནཱ་རོ་ཆོས་དྲུག་སོགས་དཔལ་འབྲུག་པའི་གདམས་ཟབ་རྣམས་ ཚུལ་བཞིན་དུ་གསན་ནས་ཐུགས་སྲས་ཀྱི་ཐུ་བོར་གྱུར་ཅིང་། འཇིག་ རྟེན་ཆོས་བརྒྱད་ལ་ཐུགས་གཏན་ནས་མི་དགྱེས་པས་སྟོབས་འབྱོར་ གྱིས་ཁེངས་པ་དང་། གདན་སའི་རྣམ་དཔྱོད་ལ་སོགས་སྙིགས་མའི་ རབ་བྱུང་གི་ལད་མོ་མི་མཛད་པར་བཀའ་བརྒྱུད་གོང་མའི་རྣམ་ཐར་ བདག་གིར་བཞེས་ནས་སྦས་པའི་བརྟུལ་ཞུགས་ཁོ་ནས་བསྐྱེད་རྫོགས་ ཀྱི་ཉམས་ལེན་ལ་སྒྲུབ་པ་སྙིང་པོར་མཛད་དེ་ཞོར་ལ་བཛ་གུ་རུ་དྲུང་ཕྱུར་ བཅུ་གསུམ་ལྗགས་བསྙེན་མཛད། དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་ པོའི་ཞལ་མངོན་སུམ་དུ་མཇལ་ཞིང་རྗེས་སུ་བཟུང་བས་དགོངས་པའི་ གསང་མཛོད་བརྡོལ། བློས་བྱས་ཀྱི་འཛིན་པ་དག ཡང་དག་པའི་ ཆོས་ཀྱི་གཏེར་ཆེན་པོ་ལ་མངའ་དབང་བསྒྱུར་ནས་གྲུབ་པའི་ས་མཐོན་ པོར་གཤེགས་པ་དེ་ཉིད་དགུང་གྲངས་བཞི་བཅུ་རབ་བྱུང་བཅུ་གཅིག་ པའི་ས་རྟ་ལོ། ཕྱི་ལོ་ ༡༦༧༩ ལ་སྤྲུལ་སྐུའི་བཀོད་པ་བསྡུས་པར་ མཛད།

སྐུ་རབས་གསུམ་པ་རིས་མེད་བསྟན་པ་རྒྱ་མཚོའི་དཔུང་གཉེན་དུ་གྱུར་པ་འགྲོ་འདུལ་ངག་དབང་ཀུན་དགའ་བསྟན་འཛིན་ནི།

བོད་ལྗོངས་དབུས་འགྱུར་ལྷོ་ཁ་གངས་དཀར་བདེ་སྐྱིད་གླིང་དུ་རབ་བྱུང་ བཅུ་གཅིག་པའི་ལྕགས་སྤྲེལ། ཕྱི་ལོ་ ༡༦༨༠ ལ་མཚན་དཔེའི་ པདྨོ་གསར་དུ་བཞད། རྗེ་བཙུན་མཐུ་ཆེན་ཆོས་ཀྱི་དབང་ཕྱུག་ནས་ ཁམས་སྤྲུལ་རིན་པོ་ཆེའི་སྐུ་ཡི་སྐྱེ་ཕྲེང་གསུམ་པར་ངོས་འཛིན་གྱིས་ངག་ དབང་ཀུན་དགའ་བསྟན་འཛིན་ཞེས་པའི་མཚན་གསོལ། སྐུ་འཁྲུངས་ ནས་རིང་པོར་མ་ལོན་པར། ཆོས་འཆད་ཉན་སྒོམ་སྒྲུབ་ཀྱི་ལད་མོ་ མཛད་ཅིང་། རྩེད་མོའི་སྐབས་རྡོ་ཡི་ངོགས་སུ་སྐུ་དང་ཞབས་སོར་ གྱི་རི་མོ་གསལ་བར་བཀོད་པ་དང་། བདེ་ཆེན་ཆོས་འཁོར་གྱི་གཙུག་ ལག་ཁང་མཐོན་པོའི་བད་ཁའི་རྡོ་ཕྲེང་ཐོག་ལྷ་ཡི་གར་སྟབས་བཅས་ ཕེབས་མཛད་པ་སོགས། བྱིས་པའི་སྤྱོད་པ་ལས་འདས་ཤིང་འཕགས་ ཆེན་དམ་པའི་མངོན་རྟགས་འགོག་མེད་དུ་གསལ་བ་དང་། ཆོས་ཐམས་ ཅད་ཀྱི་ངང་ཚུལ་དྲི་མ་མེད་པ་ཕྱག་རྒྱ་ཆེན་པོའི་རྟོགས་པའི་ཡེ་ཤེས་ ཀྱང་དགུང་གྲངས་བཞི་ལ་ཕེབས་སྐབས་རྩོལ་མེད་དུ་ཤར་བའི་ཚུལ་ རྗེ་ཉིད་ཀྱི་གསུང་མགུར་དུ། གཏན་སྐྱབས་གཅིག་གུ་རུའི་བྱིན་རླབས་ མཐུས།། སེམས་གནས་ལུགས་ལོ་བཞིའི་དུས་ནས་རྟོགས།། གཤིས་ དེ་ལ་འགྱུར་བ་མ་མཆིས་རུང་།། ཆོས་དབུ་མ་ཕྱག་རྫོགས་ཞི་གཅོད་ དང༌།། ལམ་འབྲས་བུ་བསྲེ་སྙན་སྦྱོར་དྲུག་སོགས།། བོད་གྲུབ་མཐའ་ ཀུན་གྱི་ཁྲིད་རིམ་ཚོགས།། གནད་ཟབ་དགུ་ཉམས་བླངས་རྩལ་སྦྱངས་ པས།། ད་འཁོར་འདས་མཉམ་ཉིད་ཀློང་དུ་གྲོལ།། ཅེས་རྟོགས་པའི་ ཡེ་ཤེས་ཁྱད་པར་ཅན་དེའི་དུས་ནས་ཐུགས་རྒྱུད་ལ་འཁྲུངས་ཟིན་ན་ ཡང་། རྗེས་འཇུག་གི་གདུལ་བྱ་རྣམས་ཡང་དག་པའི་ལམ་ལ་དཀྲི་ བའི་ཆེད་དུ། ཐུབ་བསྟན་རིན་པོ་ཆེ་གདུགས་དཀར་པོའི་གྲིབ་མར་ རིམ་གྱིས་ཞུགས་པའི་ཚུལ་བསྟན་ཏེ་དགུང་ལོ་བདུན་ནས་སྔོན་འགྲོ་ བསགས་སྦྱོང་གི་རིམ་པར་དཀའ་སྤྱད་དྲག་པོས་འཇུག་གནང་མཛད། སྐུ་ཆུང་ངུའི་དུས་ནས་གུ་རུ་རིན་པོ་ཆེས་ཞལ་ཡང་ཡང་དུ་གཟིགས་ ནས་རྟག་ཏུ་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་། འབྲི་ཀློག་དང་། གསོ་དཔྱད་རི་མོའི་འདུ་བྱེད་ལ་སོགས་ནས་བཟུང་མདོ་སྔགས་རིག་ གནས་དང་བཅས་པ་ཐམས་ཅད་སློབ་པ་ལ་མ་ལྟོས་པར་ངང་གིས་ མཁྱེན། མཐུ་ཆེན་ཆོས་ཀྱི་དབང་ཕྱུག་རིགས་བདག་ཏུ་བསྟེན་ཏེ་རང་ ལུགས་སྨིན་གྲོལ་གྱི་གདམས་པ་རྣམས་གསན་ནས་ཐུགས་ཀྱི་བུམ་པར་ བསྐྱིལ་ཞིང་། གཞན་ཡང་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེ་དང་། ལོ་ཆེན་དྷརྨ་ཤྲཱི་སོགས་ལས་སྔ་འགྱུར་བཀའ་གཏེར་གྱི་ཆོས་ཚུལ་རྒྱ་ མཚོ་ལྟ་བུ་གསན་པས་མཚོན་དུས་སྐབས་དེར་བཞུགས་པའི་གྲུབ་ མཐའ་རིས་མེད་ཀྱི་ཚད་མའི་སྐྱེས་བུ་བརྒྱ་ཕྲག་བརྒལ་བ་ལས་སོ་སོའི་ ཆོས་རྒྱུན་གདམས་པ་རྣམས་གསན་བསམ་གནང་ནས་དམ་པའི་ཆོས་ ཀྱི་ཆུ་ཀླུང་མ་ལུས་པ་འདུ་བའི་མ་དྲོས་པའི་མཚོ་ལྟ་བུར་གྱུར། མདོར་ ན་རང་དོན་དུ་ཐོས་བསམ་སྒོམ་གསུམ་མཐར་ཕྱིན། གཞན་དོན་ དུ་འཆད་སྤེལ་མཛད་པ་སོགས་ཕྲིན་ལས་ཀྱི་འཇུག་པ་ཕྱོགས་མེད་ དུ་སྐྱོང་བས་རིས་མེད་ཀྱི་བསྟན་འཛིན་ཆེན་པོར་མཁས་གྲུབ་ཐམས་ ཅད་ཀྱི་བསྔགས་པའི་མེ་ཏོག་འཐོར་བའི་ཡུལ་དུ་གྱུར་ཏེ་ཁམས་དབུས་ ཀུན་ཏུ་འགྲོ་དོན་མཐའ་རྒྱས་སུ་གྱུར། ཕྱག་ཆེན་སྔོན་དངོས་ཀྱི་ འགྲེལ་ཊིཀ་ཆེན་མོ་སོགས་ལེགས་བཤད་ཀྱི་སྣང་བ་གསར་པས་རྗེས་ འཇུག་ཡོངས་ཀྱི་བློ་གྲོས་དྲི་མ་མེད་པའི་འདྲེན་བྱེད་གསལ་བར་མཛད་ པའི་གསུང་འབུམ་ཡང་པོད་བཅུ་བདུན་བཞུགས། སྣོད་ལྡན་གྱི་ སློབ་མ་མང་དུ་སྐྱོང་བའི་ནང་ནས་ཐུགས་སྲས་གཙོ་བོ་སྐུ་མ་སྤང་བར་ ཡུམ་སྲས་སྒོ་ཁྱི་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས་པའི་གྲུབ་ཆེན་ ཨ་མཁར་བདེ་ཆེན་རྡོ་རྗེ། བཅུ་ཕྲག་ཤེས་བྱའི་གནས་ཀུན་མཁྱེན་ པ་དིའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས། ཡོངས་འཛིན་ འཇམ་དཔལ་དཔའ་བོ་སོགས་རང་ལུགས་ཀྱི་བསྟན་འཛིན་ཆེ་ཕྲ་ཆེས་ མང་པོ་དང༌། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས། ཟུར་མང་ རོལ་པའི་རྡོ་རྗེ། ཟུར་མང་ཆེ་ཚང་གསུང་རབ་རྒྱ་མཚོ་སོགས་གྲུབ་ མཐའ་གཞན་གྱི་བསྟན་འཛིན་ཁྱད་པར་ཅན་མང་དུ་བྱོན། དགུང་ ལོ་སོ་གཉིས་ཐོག་འཁོར་སློབ་འདུས་པ་རྣམས་ཕྱོགས་མེད་དུ་འགྲོ་ དོན་སྐྱོང་བར་བཏང་ནས། སློབ་དཔོན་ཆེན་པོ་ཟླ་བརྒྱད་བཞུགས་ པའི་གནས་མཆོག་ཟླ་རྒྱལ་གོ་ཆེན་ཕུག་ཏུ་གཉུག་མ་ལྷན་སྐྱེས་རྒྱུན་ གྱི་རྣལ་འབྱོར་སྐྱོང་བཞིན་བཞུགས་པའི་སྐབས། ཆུ་འབྲུག་སྤྲེལ་ ཟླའི་ཚེས་བཅུའི་ཐོ་རེངས་ཁར་བླ་མ་དྲི་མེད་མཚོ་སྐྱེས་རྡོ་རྗེ་མཁའ་འགྲོ་ གཉིས་རྣམ་རོལ་སྤྲུལ་པའི་མཚན་བརྒྱད་སོགས། འཁོར་རིག་འཛིན དཔའ་བོ་མཁའ་འགྲོ། དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་འཁོར་ཚོགས་ དང་བཅས་པ། ད་ལྟའི་ཚེས་བཅུའི་འཆམས་བཀོད་སྟངས་སྟབས་ ཇི་ལྟ་བ་ཡེ་ཤེས་ལྔ་ལྡན་གྱི་འཇའ་སྤྲིན་ཟེར་འོད་རྣམ་པར་འཁྲུགས་པའི་ ཀློང་དུ་གསལ་བར་བྱོན་ནས་གུ་རུ་རིན་པོ་ཆེ་ཉིད་ཞལ་གྱི་ཚེམས་ཕྲེང་ རྣམ་པར་བཞད་པའི་རྡོ་རྗེའི་གསུང་གིས། བློ་གསལ་དད་ལྡན་བུ་ཡི་ དབང་༔ དལ་ཅིག་མ་ཡེངས་ཚིག་ལ་ཉོན༔ ཞེས་གསན་པར་བསྐུལ་ ནས་བསྟན་པ་སྤྱི་དང་བྱེ་བྲག་རྒྱ་བོད་ཧོར་སོག་གི་གནས་དུས་བདེ་སྡུག་ གི་འགྱུར་ལྡོག་སོགས་ཀྱི་མ་འོངས་ལུང་བསྟན་ཞིབ་རྒྱས་དང་། མེ་ སྤྲེལ་མེ་བྱ་གཉིས་སུ་དུས་ཀྱི་འཁྲུག་པ་དང་། མཐའ་ཡི་དམག་དཔུང་ གི་རྩུབ་སྦྱོར་གྱིས། འཛམ་གླིང་སྡུག་བསྔལ་ལ་སྤྱོད་པར་འགྱུར་ཚུལ་ དེ་དག་ཟློག་བྱེད་དུ། ཚ་བའི་དུས་ཀྱི་གྲིབ་བསིལ་དུ༔ འབུམ་ཕྲག་ ལྔ་ཡི་སྤྲིན་ཆེན་བསྡུས༔ བྱིན་རླབས་བདུད་རྩིའི་སྤྲིན་ཕུང་གིས༔ དོན་ གཉིས་ལོ་ཏོག་སྨིན་ཏེ་མཆིས༔ ཞེས་སོགས་སྤྱི་ལུང་དང་། སྒོས་ སུ། གོ་བོའི་ཚང་དུ་ཉལ་བའི་རྒོད༔ དུས་བབ་ཉེ་བར་འཕུར་ན་ལེགས༔ ཡངས་པའི་རྒྱལ་ཁམས་ལྟད་མོ་དེ༔ ངལ་མེད་ལྟ་བ་དོན་རེ་ཆེ༔ ཞེས་ སྒྲུབ་པ་ལས་བཞེངས་པར་བསྐུལ་ནས། སྤྲོས་བཅས་ཚེས་བཅུ་ཇི་ལྟར་ འཛུག་དགོས་པའི་ངེས་པ་ནི། དུས་ཀྱི་རྒྱལ་པོའི་མཆོད་པར་བརྩོན༔ ཁྱད་པར་ཅན་གྱི་ལོ་ཚེས་ལ༔ འདི་ལྟར་ཡ་མཚན་བཀོད་པའི་འཕྲུལ༔ དངོས་སུ་སྣང་བའི་ཟློས་གར་སྟོན༔ ཕྱོགས་མེད་ཡངས་པའི་རྒྱལ་ ཁམས་ཀྱི༔ མོས་པའི་འགྲོ་བ་རྣམ་མང་ངོར༔ མིག་ལ་ལྷ་ཡི་དཔལ་ ཡོན་བསྐྱེད༔ སེམས་ལ་དད་པའི་ས་བོན་ཐོབ༔ ཅེས་དང༌། དེ་ དང་དེ་དག་ཕུན་སུམ་ཚོགས་པར་འགྲིགས་ན་སྤྱི་དང་བྱེ་བྲག་ཕན་ཡོན་ ལེགས་ཚོགས་འབྱུང་ཚུལ་ཡང་། དེ་འགྲིགས་སྟོབས་དང་མཐུན་ བྱིན་གྱིས༔ ཡུལ་བཅུད་ཉམས་པ་སོར་རུ་ཆུད༔ ནད་འཁྲུག་མུ་ གེ་མཐའ་དམག་ཟློག༔ མི་མིན་གདུག་པའི་སེམས་དབལ་ཞི༔ མི་ རྣམས་བདེ་སྐྱིད་དཔྱིད་དུ་སྨིན༔ དཀོན་མཆོག་རྣམ་གསུམ་བསྟན་ ལ་སྨན༔ རྩ་བརྒྱུད་བླ་མ་དབྱིངས་ནས་དགྱེས༔ ཡི་དམ་ལྷ་ཚོགས་ བརྩེ་བས་དགོངས༔ མཁའ་འགྲོ་ཆོས་སྐྱོང་དགའ་ཞིང་འདུན༔ བྱིན་ རླབས་དངོས་གྲུབ་ཕྲིན་ལས་རྣམས༔ འགག་པ་བྲལ་བར་ཤུགས་ ཀྱིས་འབྱུང༔ ཆོས་མཐུན་བསམ་པ་ལྷུན་གྱིས་གྲུབ༔ ཉམས་རྟོགས་ འགྲོ་དོན་གོང་དུ་འཕེལ༔ ཞེས་དང་ལུས་ངག་ཟང་ཟིང་གི་འབྲེལ་ ཐོགས་ལྟོས་བཅས་ཕྱོགས་འདིར་མོས་པ་ཀུན་ཀྱང་དག་པའི་ཞིང་དུ་ སྐྱེ་བར་གསུང་པ་ནི། གང་ཞིག་རྩོལ་བ་བསྐྱེད་པ་རྣམས༔ མ་འོངས་ པདྨ་འོད་ཞིང་དུ༔ རིག་འཛིན་དག་པའི་ས་ལ་རྩེན༔ ཕྱིར་མི་ལྡོག་ ཐོབ་གདོན་མི་ཟ༔ ཞེས་དང་། ཁྱད་པར་ཚེས་བཅུ་འདི་ཉིད་མཐོང་ ཐོས་དད་པའི་འགྲོ་བ་རྣམ་མང་མཆོག་གི་ས་ལ་འགྲོ་བར་ངེས་པ་ཡང་། མཐོང་དང་མོས་པའི་འགྲོ་བ་ཡང༔ སྡིག་སྒྲིབ་ལས་ངན་ཆ་སྲབ་ནས༔ ཞིང་དེར་འདྲེན་པའི་རྟེན་འབྱུང་གི༔ འཁོར་བ་མཐའ་ཅན་ཉིད་ དུ་བྱེད༔ ཅེས་སོགས་རྡོ་རྗེའི་གསུང་གིས་རྗེས་སུ་གདམས་པ་སྩལ་ བ་ལ་བརྟེན། སྒྲུབ་པ་ལས་བཞེངས་ནས་སྔ་སོར། སྐུ་རྟེན་གུ་རུའི་ སྐུ་འབུམ་ཕྲག གསུང་རྟེན་བཛ་གུ་རུ་འབུམ་ཕྲག་གི་རྡོ་འབུམ། ཐུགས་ རྟེན་མཆོད་རྟེན་འབུམ་ཕྲག ཡོན་ཏན་རྟེན་གུ་རུའི་རྣམ་ཐར་འབུམ་ ཕྲག ཕྲིན་ལས་རྟེན་བར་ཆད་ལམ་སེལ་འབུམ་ཕྲག་བཅས་སྔ་སོར་ འབུམ་ལྔའི་བསྟན་རིམ་ཆེན་མོ་དང༌། རྗེས་ཐོག་ཏུ་སྤྲོས་བཅས་ཚེས་ བཅུའི་སྒྲུབ་མཆོད་ཆེ་འབྲིང་གི་རྟེན་མཆོད་ཡོ་བྱད་བསམ་གྱིས་མི་ ཁྱབ་པ། སྤྲུལ་པའི་བཟོ་བོ་མང་པོས་ངོ་མཚར་བའི་རོལ་རྩེད་ཀྱིས་ བསྐྲུན་ནས་མེ་སྤྲེལ་ལོར་དགུང་ལོ་སོ་བདུན་བཞེས་པ་ནས་སྐུ་ཚེ་དེའི་ རིང་། མདོ་ཁམས་སྟོད་སྨད་བར་གསུམ་དུ་སྒྲུབ་ཆེན་གསུམ་དང་ ཚེས་བཅུའི་སྒྲུབ་མཆོད་བདུན་ཅུ་སྐོར་བཙུགས་ནས། བོད་ཁམས་ སྤྱིའི་བསྐལ་དུས་ཀྱི་ཁུག་སོའི་རྒུད་པ་ཕྱིར་བསྙིལ་ཞིང༌། མཐའ་ མའི་དཔུང་ཤུགས་ཟློག་པ་དང༌། བོད་ཀྱི་ལྷ་འདྲེ་མང་པོ་རྡོ་རྗེའི་བཀའ་ འོག་ཏུ་བཅུག་ནས། དེ་དག་བྱང་ཆུབ་རིན་པོ་ཆེའི་སེམས་ཀྱི་རྒྱུད་ བརླན་པར་མཛད་དེ་ཀུན་ཀྱང་ཡང་དག་པའི་ལམ་ལ་བཀོད། སྔོན་ གྱི་དུས་སུ་གུ་རུ་རིན་པོ་ཆེས་བོད་མང་ཡུལ་གུང་ཐང་ལ་ཐོག་ནས་ ལྷོ་ནུབ་སྲིན་ཡུལ་དུ་གཤེགས་ཁར་བཞུགས་གུར་དུ་སྒྲོན་པའི་ལྷ་གུར་ དེ་ཉིད་གླིང་གེ་སར་དུས་སུ་ལས་གུར་དུ་བྱས་པ་སླར་རྨ་རྒྱལ་སྤོམ་ རར་གཏེར་སྲུང་བཅོལ་ཏེ་སྦས་པ་རྗེ་འདིར་དངོས་སུ་ཕུལ་བ་ལ། དག་ པའི་གཟིགས་ངོར་གུ་རུ་རྩ་གསུམ་ཡང་ཡང་གཟིགས་པ་བསྟིམས་ ནས་བྱིན་རླབས་ཀྱི་གཟི་བྱིན་མཆོག་ཏུ་སྒྲུབ་པ་མཐོང་གྲོལ་ཆེན་མོ་ དང་། དེའི་ནང་དུ་རྩ་གསུམ་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྒྱས་ ཚང་སོགས་ཚོགས་ཀྱི་ཞིང་རྨད་དུ་བྱུང་བ་མང་པོ་དག་བཞེངས་པ་ ལ་བརྟེན་ནས་ད་ལྟའི་བར་དུ་གདུལ་བྱ་མང་པོའི་རྒྱུད་ལ་འབྲེལ་ཚད་ དོན་ལྡན་གྱི་ཕན་ཆེར་གདགས་པ་སོགས་ཤིན་ཏུ་རྒྱ་ཆེ། སྐུ་ཚེའི་ སྟོད་ལ་ཆོས་སྒར་ཁོ་ནས་འགྲོ་དོན་ཕྱོགས་མེད་དུ་བསྐྱངས་ཤིང་། ༸རྒྱལ་དབང་དྲུག་པ་ཆེན་པོ་དང་། སྡེ་པ་སངས་རྒྱས་རྒྱ་མཚོ་བཅས་ མཆོད་ཡོན་ཟུང་ནས་ཐུགས་བརྩེས་ནང་མར་བསྐྱངས་ནས་རིས་མེད་ ཀྱི་བསྟན་འཛིན་མཆོག་ཏུ་མངའ་གསོལ་ཞིང་བཀའ་ཤེ་གཙང་བཙན་ གནང༌། སྐུ་ཚེའི་སྨད་ལ་ཁམས་ལྷ་ཐོག་རྒྱལ་པོ་ནས་སྦྱིན་བདག་ ཞུས་ཏེ་གསོལ་བ་ནན་གྱིས་བཏབ་པའི་ངོར་ཁ་སྟག་དཀར་མོའི་རི་ ཁུག་ཏུ་དཔལ་ཕུན་ཚོགས་ཆོས་འཁོར་གླིང་གི་གདན་ས་ཆག་བཏབ། མདོར་ན་རྗེ་འདི་ཡི་འཁོར་ལོ་གསུམ་གྱི་ཕྱག་རྗེས་རེ་རེ་ནས་བསམས་ ཀྱང་འདི་ཁོ་ན་སྐུ་ཚེ་ཧྲིལ་པོར་མཛད་དམ་སྙམ་པ་ལྟ་བུ་བསམ་གྱིས་ མི་ཁྱབ། མཐར་ས་སྤྲེལ་ལོ་དགུང་གྲངས་བཞི་བཅུ་ཞེ་དགུ་ཐོག་རྔ་ ཡབ་པདྨ་འོད་ཀྱི་ཞིང་དུ་རྩ་གསུམ་ཀུན་འདུས་སློབ་དཔོན་ཆེན་པོའི་ ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དབྱིངས་སུ་གཟུགས་སྐུའི་བཀོད་ པ་བསྡུས།

སྐུ་རབས་ལྔ་པ་སྒྲུབ་བརྒྱུད་ཉི་མ་ནི།

བོད་དབུས་ཕྱོགས་ལྷོ་ ཁ་གངས་དཀར་ཕུ་རྟ་ར་མདོར་རབ་བྱུང་ ༡༣ པའི་ལྕགས་གླང་ ཕྱི་ལོ་ ༡༧༨༡ ལ་སྐུ་འཁྲུངས། དགུང་གྲངས་ལྔ་ནས་ཕུན་ཚོགས་ ཆོས་འཁོར་གླིང་གི་གསེར་ཁྲིར་ཕེབས་ནས་མདོ་སྔགས་རིག་གནས་ ལ་གསན་སྦྱང་རྒྱ་ཆེར་གནང་། རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་ རྒྱ་མཚོ་ལས་རབ་བྱུང་དང༌། རྟ་སག་རྗེ་དྲུང་ལས་བསྙེན་རྫོགས་ཀྱི་ སྡོམ་པ་བཞེས། མཐུ་ཆེན་འཇམ་དཔལ་རྡོ་རྗེ་དང་། འཇམ་དཔལ་ ཡེ་ཤེས་གྲུབ་པ་སོགས་ལས་རང་ལུགས་སྨིན་གྲོལ་གདམས་པ་ཚང་ རྫོགས་སུ་གསན་ཅིང་སྒྲུབ་པ་ཉམས་བཞེས་གནང་། རྫ་ཁྲ་མ་བླ་མ་ དང་། རྫོགས་ཆེན་པདྨ་རིག་འཛིན་ཟུང་ལས་སྔ་འགྱུར་རྙིང་མའི་ཆོས་ བཀའ་མང་དུ་གསན་ནས་ཐོས་བསམ་སྒོམ་པ་སུམ་སྤྲུགས་སུ་མཛད། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱབ་ཅིང་བརྟན་པ་དང༌། ཆོས་ དང་ཟང་ཟིང་གི་སྦྱིན་པ་རླབས་པོ་ཆེ་ལ་སོགས་བསྡུ་བ་རྣམ་བཞིའི་སྒོ་ ནས། བྲག་ཡབ་མདུན་ཆེ་ཆུང་གི་ནང་འཁྲུག་ཟླུམ་པས་མཚོན་ལྷ་ སྡེ་མི་སྡེ་མང་པོའི་འཁྲུག་རྩོད་ཆོས་ཕྱོགས་སུ་ཞི་བར་མཛད་ནས། རྒྱལ་ ཁམས་འཇམ་དལ་དུ་བཀོད་པར་མཛད་པ་སོགས་གཞན་ཕན་ལས་ལ་ དུས་རྟག་ཏུ་བརྩོན། ནང་དུ་ཏིང་ངེ་འཛིན་གྱི་སྒོ་དང་། ལྷག་པའི་ ལྷས་རྗེས་སུ་བཟུང་བའི་མཐུས། རྨ་རྒྱལ་སྤོམ་ར་དང་རྫ་རྒྱལ་འཕན་ ཕྱུག་ལ་སོགས་པ་བོད་ཡུལ་སྐྱོང་བའི་ཡུལ་ལྷ་ཆེ་ཕྲ་རྣམས་དང་། རྡོ་ རྗེའི་ཆོས་སྲུང་རྣམས་ཀྱིས་དངོས་སུ་གཟུགས་སྟོན་ཅིང་ཕྲིན་ལས་སྒྲུབ་ པར་ཁས་བླངས། སྐབས་ཤིག་མདོ་ཁམས་སེངྒེ་རྫོང་མཆོག་སྟག་ཚང་ རི་བོ་བར་མ་ཞེས་པའི་ཁམས་སྒར་གྱི་རྒྱབ་རི་དེར་རྡོ་རྗེ་ཚེ་ཡི་སྒྲུབ་པ་ མཛད་པའི་སྐབས་སུ་དངོས་གྲུབ་བརྙེས་པའི་རྟགས་བྲག་རིའི་ངོས་ནས་ དུང་དཀར་དང་། དཔལ་བེའུ་སོགས་བཀྲ་ཤིས་པའི་རྫས་སྣ་ཚོགས་ ཀུན་གྱིས་མཐོང་བ་རྦབ་ཏུ་འདྲིལ་བ་སོགས་ཡ་མཚན་གྱི་རྣམ་པར་ཐར་ པ་མཐའ་ཡས། སྐུ་ཚེའི་སྨད་ལ། ནང་ཆེན་འཆིང་རུ་རྒྱལ་པོས་མི་ ཕྱེད་པའི་གུས་པ་ཆེན་པོས་ཞབས་པད་སྤྱི་བོར་མཆོད་དེ་ས་ཕྱོགས་དེ་ ཉིད་དུ་གདན་འཇགས་པའི་གསོལ་བ་བཏབ་ནས་བསྟན་པའི་སྦྱིན་ བདག་ཞུས་ཏེ་འབྲུག་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་གླིང་ཞེས་ ཕྱིས་སུ་མདོ་ཁམས་ཕྱོགས་ཀྱི་འབྲུག་པ་དཀར་བརྒྱུད་ཀྱི་ཆོས་སྡེ་ཐམས་ ཅད་ལས་དར་རྒྱས་ཆེ་ཤོས་ཀྱི་གདན་ས་ཆེན་པོ་ཕྱག་བཏབ་ཅིང་བཤད་ སྒྲུབ་ཀྱི་བསྟན་པ་ཤིན་ཏུ་དར། རྗེ་དེ་ཉིད་ཀྱི་གསུང་ལས་སྐྱེས་པའི་ མཁས་གྲུབ་ཀྱི་སློབ་མ་མང་དུ་བྱོན་པའི་ནང་ནས་རྡོ་རྫོང་སྐུ་ཕྲེང་དྲུག་ པ། དཀོན་མཆོག་ཆོས་ཀྱི་རྒྱལ་པོ་ཞེས་སྒྱུ་འཕྲུལ་གྱི་བཀོད་པ་རྒྱ་མཚོ་ ལྟ་བུ་ལ་དབང་འབྱོར་བས་རི་བྲག་གནས་ཁང་སོགས་ལ་ཟང་ཐལ་དུ་ གཤེགས་པ་དང་། གཞན་གྱི་སེམས་ལ་ཇི་དྲན་སྐད་ཅིག་མཁྱེན་པ་ སོགས་ཀྱི་ཕྱིས་ཀྱི་གྲུབ་ཐོབ་ཆེན་པོ་དེ་དང་། སྒྲུབ་སྤྲུལ་ཕྲིན་ལས་རྒྱ་ མཚོ་ཞེས་སྡེ་སྣོད་རྒྱ་མཚོ་ཡན་ལག་དང་བཅས་པ་ལ་ལེགས་པར་སྦྱངས་ པས་མཁས་པའི་མཐར་སོན་ཅིང་དཔལ་འབྲུག་པའི་ཐུན་མིན་གྱི་ཆོས་ བཀའ་རྣམས་ལ་འགྲེལ་དཀྲིག་དུ་མ་མཛད་པས་བསྟན་པའི་གསལ་བྱེད་ ཆེན་པོར་གྱུར་པ་གང་དང་། མཁས་གྲུབ་བསོད་ནམས་བསྟན་འཛིན་ སོགས་དམ་པའི་སྐྱེས་བུ་མང་དུ་བྱོན། ཟབ་ཆོས་དགོངས་གཏེར་དང་། ཆོག་ཁྲིད། ཁྲིད་ཡིག་སྣ་ཚོགས་སོགས་ཀྱི་གསུང་འབུམ་པོ་ཏི་དྲུག་ བཞུགས། མཐར་དགུང་གྲངས་༦༧ པ་མེ་ལུག་ལོར་གཟུགས་སྐུའི་ སྣང་བརྙན་བསྡུས་པར་མཛད།

སྐུ་རབས་དྲུག་པ་བསྟན་པའི་ཉི་མ་ནི།

མདོ་སྟོད་ཟལ་མོ་སྒང་ གི་བྱེ་བྲག་ནང་ཆེན་ཟླ་ཆུ་རྒྱུད་བེ་རྐྱང་ཚང་འབྲོག་པར། རབ་བྱུང་ བཅུ་བཞི་ས་བྱ། ཕྱི་ལོ་ ༡༨༤༨ ལ་སྐུ་འཁྲུངས། ཆུང་ངུའི་དུས་ ནས་དམ་པའི་རིགས་སད་པའི་སྤྱོད་པ་བསམ་གྱིས་མི་ཁྱབ་པའི་ངོ་ མཚར་གྱི་མེ་ཏོག་མཆོག་ཏུ་བཞད་པས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་ སྐྱེས་བུ་དམ་པ་རྣམས་ཀྱིས་མཆོག་གི་སྤྲུལ་པའི་སྐུར་མགྲིན་གཅིག་ཏུ་ བསྔགས་ཏེ། དགུང་གྲངས་བཞིར་ཕེབས་པ་ན། དཔལ་ཕུན་ཚོགས་ ཆོས་འཁོར་གླིང་གི་གསེར་ཁྲིར་མངའ་གསོལ། ངེས་པའི་དོན་དུ་རྡོ་ རྗེ་འཛིན་པའི་གོ་འཕང་ཆེན་པོར་གདོད་ནས་བཞུགས་ཀྱང་ཚུལ་མཐོང་ བའི་སྣང་ངོར་དགེ་བའི་བཤེས་གཉེན་དུ་མ་མཉེས་པ་གསུམ་གྱིས་བསྟེན་ ནས། བཅུ་ཕྲག་རིག་པའི་གཞུང་ལུགས་སོགས་གསར་རྙིང་ཕྱོགས་ དང་རིས་སུ་མ་ལྷུང་པའི་ཟབ་ཆོས་རྒྱ་མཚོ་ལྟ་བུར་གསན་བསམ་སྒོམ་ པ་མཐར་ཕྱིན་པར་མཛད། རིགས་བདག་བདེ་ཆོས་ཀྱི་མཆོག་གཟིགས་ ཡབ་སྲས་ལས་སྨིན་གྲོལ་གདམས་པའི་བཅུད་རྣམས་བཞེས། གྲུབ་ དབང་ཚོགས་གཉིས་རིན་པོ་ཆེ་ལས་ཟབ་ཆོས་ནཱ་རོ་ཆོས་དྲུག་དང་སྙན་ བརྒྱུད་སྐོར་རྣམས་ཞིབ་ཁྲིད་དུ་གསན་ནས་སྦྱངས་པ་མཐར་ཕྱིན་ཅིང་ ས་ལམ་གྱི་དྲོད་རྟགས་བརྙེས། ཁྱད་པར་དུ། ཚངས་པ་ལྷའི་མེ་ཏོག་ གི་རྣམ་འཕྲུལ་བཀའ་བབས་བདུན་གྱི་མངའ་བདག་པདྨ་འོད་གསལ་ མདོ་སྔགས་གླིང་པ་ཞེས་གངས་ཁྲོད་རྒྱལ་བསྟན་ཡོངས་རྫོགས་ཀྱི་ གསལ་བྱེད་ཆེན་པོར་གྱུར་པ་དེ་ཉིད་ཀྱི་ཐུགས་སྲས་ཡོངས་ཀྱི་ཐུ་བོར་ གྱུར་པས། དཔལ་མདའ་བསྣུན་ཞབས་སོགས་དང་དབྱེར་མི་ཕྱེད་ པའི་གྲུབ་པའི་རྒྱལ་སྲིད་མཐོན་པོར་གཤེགས་ཤིང་། དགེ་སློང་ནམ་ མཁའི་སྙིང་པོའི་སྐྱེ་སྲིད་དུ་རྡོ་རྗེའི་ལུང་གིས་བསྔགས་པས་མཚོན་གཏེར་ འབྱིན་བྱེ་བ་ཕྲག་བརྒྱའི་མཆོག་ཏུ་མངའ་གསོལ་གཟེངས་བསྟོད་གནང་ བ་དང་། གསང་བའི་ལུང་བསྟན་ལྟར་རིགས་ལྡན་ཌཱ་ཀི་མ་གཟུངས་ མར་བཞེས་ནས། དགུང་ལོ་སོ་གཅིག་ལོར། རྒྱལ་བ་ཐམས་ཅད་ ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། རིག་ སྔགས་འཆང་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་མ་ཧཱ་གུ་རུ་ པདྨ་སམ་བྷ་ཝ་དེ་ཉིད་ཀྱི་འབངས་རིགས་ཉེར་ལྔའི་ཡ་གྱལ། མ་གཅིག་ མཚོ་རྒྱལ། ནམ་མཁའི་སྙིང་པོ། དྲན་པ་ནམ་མཁའ་གསུམ་སྨིན་ པར་མཛད་པའི་ཕྱིར། བྲག་དམར་ཟབ་ཡངས་བསམ་ཡས་བར་ཁང་ གཡུ་ཞལ་ཅན་དུ། བླ་མ་བསྟན་གཉིས་རྒྱ་མཚོ། འདུས་པ་སྐོར་ལྔ། མདོ་སྒྱུ་སེམས་གསུམ་སོགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ལས་ཅན་ སྨིན་གྲོལ་ལམ་ལ་བཀོད། རྒྱུད་དང་སྒྲུབ་ཐབས་མན་ངག་ལ་སོགས་ པ། སྤྲོས་བཅས་སྤྲོས་མེད། ཤིན་ཏུ་སྤྲོས་མེད་ལུས་དཀྱིལ་ཡང་གསང་ ལ་སོགས་པའི་ཆོས་ཚན་རྣམས་སྐོར་ཚོ་ཆེན་པོ་ལྔར་ཕྱེས་ཏེ། བདག་ ཉིད་ཆེན་པོ་དེས་བརྡ་ཤོག་རྣམ་ལྔར་བརྡ་ཡིག་གཟུགས་སུ་བྱིན་གྱིས་ བརླབས། དུས་དེར་དག་པའི་འཁོར་སྲས་ཀྱི་ཐུ་བོ་ནམ་སྙིང་གི་སྐྱེ་ བ་བརྒྱུད་མའི་སྐྱེ་སྲིད་ཕྱི་མ་དང་འཕྲད་པའི་སྨོན་ལམ་བཅས། ཀེ་ རོང་རྡོ་རྗེ་ཅང་ཕུག་གི་བྲག་ངོས་སུ་སྦ་བར་མཛད་པ་དེ། འདོན་པའི་ དུས་རྟགས་ལུང་དང་འཚམས་པར་ཀུན་མཁྱེན་བླ་མ་འཇམ་དབྱངས་ མཁྱེན་བརྩེའི་དབང་པོས་ཐུན་མིན་གསང་བའི་ལུང་དོན་ལྟར། མདོ་ ཁམས་དྲུག་པ་བསྟན་པའི་ཉི་མ་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེའམ། པདྨ་དགྱེས་པ་ཡེ་ཤེས་རོལ་པ་རྩལ་གྱིས་དྲན་པ་ནམ་མཁའི་སྤྲུལ་པ་ ས་མཚོའི་གཏེར་རྒྱ་མང་པོ་དབང་བའི་སྐྱེས་བུ་ཆེན་པོ་བོན་གཏེར་ ཚེ་དབང་གྲགས་པ་གྲོགས་དན་གྱི་ཚུལ་དུ་མན་ཏེ། མ་འོངས་པའི་ འགྲོ་བ་རྣམས་འདྲེན་པའི་ཕྱིར། གཏེར་ཁ་དངོས་གཞི་ཤོག་སེར་ ཁ་དོག་ལྗང་སེར་གྱི་རྣམ་པ་ཅན། ཞེང་དུ་སོར་དོ་དཀྱུས་སུ་སོར་ དྲུག་པ་ཞིག་ལ་བརྡ་ཡིག་ཡིག་ཕྲེང་བཞི་བྲིས་ཏེ་དྲིལ་ཚས་སློབ་དཔོན་ ཧཱུྃ་ཆེན་ཀ་རའི་ཆོས་གོས་ཚལ་བུ་དང་བཅས་ཏེ་ཕ་ལམ་དང་ལ་ཆ་ བསྲེས་པའི་སྒྲོམ་བུ་གཏམས་པ་དང༌། སངས་རྒྱས་སྟོང་གི་རང་བྱུང་ ཐུགས་རྗེའི་བྱིན་གྱིས་བརླབས་པའི་རིལ་བུ་རྣམ་མང་། རྒྱ་གར་སློབ་ དཔོན་སྡེ་བཞིས་བསྒྲུབས་པའི་བདུད་རྩི་ཆོས་སྨན་ཕུད་ཀྱིས་ཁེངས་ པའི་སྒྲོམ་སྣོད་ནོར་བུའི་གཟུགས་ལྡན་དང་བཅས་ལྷན་ཅིག་ཏུ་གཏེར་ ནས་སྤྱན་དྲངས་པ། མྱོང་གྲོལ་དམ་རྫས་ཚན་གཉིས་འཕྲལ་མར་སྤེལ་ བར་མཛད། ཤོག་སེར་གྱི་གནད་བྱང་དེ་ཉིད་ཕྱག་མཆོད་ཀྱི་ཡུལ་ དུ་མི་ལོ་བཅོ་ལྔ་བར་གཞན་ལ་གསང་ནས་ཐུགས་ཉམས་སུ་བཞེས། སླར་གཏེར་ལུང་ལས་འབྱུང་བ་ལྟར་གྱི་ཤིང་རྟ་ལོར་ཤོག་སེར་དེ་ཉིད་ ཀྱི་ཚིག་འབྲུ་རེ་རེར་སྦས་དོན་མང་པོ་ཡོད་པ་རྣམས་དཀར་ཤོག་ངོས་ སུ་གཏན་ལ་ཕབས་ནས་སྐལ་ལྡན་རེ་གཉིས་ལ་སྤེལ་ཏེ་སླར་རིམ་པས་ དར་ཞིང་རྒྱས་པར་མཛད་ནས། གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ ལ་བཀོད། འཇིག་རྟེན་ན་ཆེ་ཞིང་དྲེགས་པའི་དངོས་དང་དངོས་མེད་ ཐམས་ཅད་རྡོ་རྗེའི་གསང་གསུམ་གཟི་བྱིན་གྱིས་གནོན་ཅིང་འཇིགས་ མེད་དཔའ་བའི་བརྟུལ་ཞུགས་འཆང་། སྐུ་ཡི་བཀོད་པ་དུ་མར་སྟོན་ པ་དང་། སྐུ་མི་སྣང་བ། རྡོ་ལ་ཕྱག་ཞབས་ཀྱི་རྗེས་གསལ་བ། ནད་ ཚབས་ཆེན་གྱིས་ཐེབས་པ་སྙན་དུ་གསོལ་བས་དགོངས་པ་གཏད་པ་ ཙམ་གྱིས་ཞི་བ་དང་། གདོན་དྲག་པོས་ཟིན་པ་ཕྱག་གིས་རེག་པ་ དང་། བྱིན་རླབས་མཛད་པ་ཙམ་གྱིས་མོད་ལ་སེང་དྲག་ཏུ་འགྲོ་བ་ སོགས་རྫུ་འཕྲུལ་ནུས་པ་ཚད་མེད་ཅིང༌། ལྐོག་གྱུར་གྱི་ཆོས་ལ་མཁྱེན་ པ་ཐོགས་མེད་དུ་མངའ་བའི་ཚུལ་ཡང་། རྡོ་རྫོང་སྐུ་ཕྲེང་བདུན་པ། ཡུམ་གྱི་ལྷུམས་སུ་བཞུགས་སྐབས་སུ་མ་ཡུམ་ལ་བྱིན་སྲུང་སྩལ་ནས་ ངོས་འཛིན་གནང་བ་དང་། རིག་འཛིན་ཆོས་རྒྱལ་རྡོ་རྗེ་ལ་སོགས་ པའི་རང་གཞན་གྱི་བསྟན་འཛིན་སྐྱེས་བུ་མང་པོ་འཁྲུངས་ཡུལ་དང་ ཡབ་ཡུམ་མཚན། ཁྱེའུའི་གཟུགས་བྱད་འདི་ལྟ་བུ་ཞེས་གསལ་བར་ གསུངས་པ་སོགས་ཡིད་ཆེས་ཁུངས་བཙུན་བསྐྱེད་པའི་སྒོ་ནས་ལུང་ བསྟན་པར་མཛད་པ་དང༌། སྐབས་རེར་གཞན་གྱི་སེམས་ལ་རྣམ་རྟོག་ གི་འཇུག་སྒོ་འདྲ་མིན་ཤར་ཚེ་ཐད་ཀར་བཀའ་སྩལ་བར་མཛད་པ་ སོགས། མདོར་ན་དུས་གསུམ་སྒྲིབ་མེད་དུ་གསལ་བར་གཟིགས། སྐབས་ཤིག་རྗེ་འདི་ཉིད་དབུས་ཕྱོགས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ ཁང་སོགས་རྟེན་ཁྱད་པར་ཅན་རྣམས་ལ་མཆོད་འབུལ་དུ་ཕེབས་པའི་ ཚེ་ཉིན་གཅིག་ལྷ་ལྡན་དུ་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ ཆོས་རྒྱལ་ཆེན་པོར། གོང་ས་ཆེན་པོའི་སྐུ་ཕྱྭ་དང་བསྟན་སྲིད་སྐོར་ དོགས་གཅོད་ཆེད་སྐུ་གསོལ་ཞུ་བའི་སྐབས་གྲྭ་དཀྱུས་མའི་ཆས་གོས་ བཞེས་ནས་ཕེབས་པ་ན། ,གནས་ཆུང་ཆོས་རྒྱལ་ཆེན་པོས་མཇལ་ དར་ཨ་ཤེ་མགུལ་དུ་ཕུལ་ནས། ༸གོང་ས་བཅུ་གསུམ་པའི་སྐུ་ཡི་ ཚེ་སྒྲུབ་གནང་དགོས་ཀྱི་བཀའ་ལུང་སྩལ་བའི་ཚེ། མངོན་མཁྱེན་ གྱིས་ཉིད་ཀྱི་སྐུ་འབག་ཏུ་དར་ཨ་ཤེ་བསྣམ་གནང་ཡོད་པ་སླར་ཕུལ་ ནས་དེ་བཞིན་བགྱི་བར་ཞལ་བཞེས་ཀྱིས་བསམ་ཡས་མཆིམས་ཕུར་ ཚེ་སྒྲུབ་མཛད་སྐབས་ཚེ་རིལ་མང་དུ་འཕེལ་བ་སོགས་རྟགས་ཐོན་ གནང་བས། ༸གོང་ས་ཆེན་པོའི་སྐུ་ཚེ་བསྲིངས་ཤིང་ལེགས་ཚོགས་ སྨིན་པ་སོགས་ཀྱི་ངོ་མཚར་བའི་རྣམ་པར་ཐར་པ་མང་པོ་ཡོད་ཀྱང་ མཐའ་དག་འདིར་འགོད་མ་ནུས། སྐུ་ཚེའི་སྟོད་སྨད་རྣམས་སུ་རང་ ལུགས་ཀྱི་གདམས་པ་དང་སྨིན་གྲོལ་གྱི་ཆོས་འཁོར་ཡང་ཡང་བསྐོར་ བས་བསྟན་པའི་སྲོག་ཤིང་དམ་པར་གྱུར། འཁོར་སློབ་རྒྱུད་འཛིན་ མང་དུ་འཕེལ་བ་ལས། མཐུ་ཆེན་བརྒྱད་པ་ཆོས་ཀྱི་མགོན་པོ། སྟག་ ཚང་རས་པ། ཕྱིས་བྱོན་གྲུབ་པའི་དབང་ཕྱུག་ཆེན་པོ་ཤཱཀྱང་ཤྲཱི་ཞེས་ གནས་ལུགས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་དང་། བདེ་སྟོང་ ཕྱག་རྒྱ་ཆེན་པོ་ནཱ་རོ་ཆོས་དྲུག་གི་གདམས་ངག་ཉམས་ཁྲིད་དུ་གསན་ ཅིང་ཐུགས་ཉམས་སུ་བཞེས་པས་ནང་དུ་ཆོས་བརྒྱད་ཀྱི་འཁྲི་བ་གྲོལ་ ནས་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར་པ་དེ་དང་། འབྲུ་འཇམ་ དབྱངས་གྲགས་པ། གཞན་ཡང་མདོ་སྔགས་རིག་གནས་ལ་མཁྱེན་ རབ་ཀྱི་པདྨོ་ཁ་བྱེ་བའི་མཚན་ཉིད་རིན་པོ་ཆེ་བསོད་ནམས་བསྟན་ འཛིན་དང་། བྱམས་མེ་ཆོས་དཔལ་རྒྱ་མཚོ་སོགས་མཁས་གྲུབ་ཀྱི་ ཚད་མའི་སྐྱེས་བུ་མང་དུ་བྱོན། ཁྱད་པར་གྲུབ་དབང་ཤཱཀྱ་ཤྲཱིའི་ཕྲིན་ ལས་ཀྱི་ཁྱད་པར་ལས། ད་ལྟའང་རྒྱ་བལ་འབྲས་འབྲུག་སོགས་སུ་ སློབ་མ་དང་ཡང་སློབ་ཀྱི་ཆོས་རྒྱུན་ཕྲིན་ལས་མ་ཉམས་པས་སྒྲུབ་ བརྒྱུད་ཀྱི་བསྟན་པ་རྟག་ཅིང་ཁྱབ་པར་གདལ་བ་འདི་ཡིན། གསུང་ རབ་ཞལ་གདམས་ཁྲིད་སོགས་མང་དུ་བཞུགས། མཐར་དགུང་ གྲངས་༥༩ སོན་པ་ས་མོ་ལུག་ལོར་གཟུགས་སྐུའི་སྣང་བརྙན་བསྡུས་ ནས་ཆོས་ཀྱི་དབྱིངས་སུ་གཤེགས་པར་མཛད།

སྐུ་རབས་བདུན་པ་སངས་རྒྱས་བསྟན་འཛིན་ནི།

ནང་ཆེན་ ཟླ་རྒྱུད་ཚང་ཡུས་པར། རབ་བྱུང་བཅུ་བཞི་ས་བྱ་ལོར། ཕྱི་ལོ་ ༡༩༠༨ ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་ལྷུམ་གྱི་པདྨོ་ལས་གྲོལ། བྱིས་པ་ཤེད་མ་བྱེ་བའི་དུས་ཀྱང་རོལ་རྩེད་ཐམས་ཅད་བཤད་སྒྲུབ་ ཀྱི་མཛད་པའི་ཚུལ་དུ་སྟོན་པ་སོགས་ངོ་མཚར་རྨད་དུ་བྱུང་། དགུང་ གྲངས་དྲུག་ཐོག་གསེར་ཁྲིར་ཕེབས། ཞབས་དྲུང་དང་ཡོངས་འཛིན་ ཟུང་གི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ནས་རང་ལུགས་ཀྱི་ སྨིན་གྲོལ་སྐོར་ཆ་ཚང་གསན། སྐུ་གོང་མའི་ཞལ་སློབ་འབྲུ་འཇམ་ དབྱངས་གྲགས་པ་ལས་རོ་སྙོམས་དང་རྟེན་འབྲེལ་སྐོར་གྱི་ཟབ་ཁྲིད་ དང་། ཁམས་སྒར་སྒྲུབ་སྡེ་གསང་ཆེན་མཐོང་གྲོལ་གྱི་རྟོགས་ལྡན་ སྨིན་གྲོལ་ཞེས་གྲུབ་པའི་དབང་ཕྱུག་ཆེན་པོ་དེ་ལས་སྙན་བརྒྱུད་དང་ ཆོས་དྲུག་སྐོར་བཅས་གསན་སྒོམ་ཕྱག་ལེན་དུ་བཏབ་པས། མངོན་ པར་རྟོགས་པའི་ཡོན་ཏན་གཞལ་དུ་མེད་པ་འཁྲུངས། ཀ༔ཐོག་སི་ ཏུ་ཆོས་ཀྱི་རྒྱ་མཚོ་ལས་སྔ་འགྱུར་རྙིང་མའི་ཆོས་བཀའ་མང་པོ་དང༌། མཁན་པོ་ཚེ་རྡོར་མདུན་ནས་སྤྱོད་འཇུག་དང་། སྡོམ་གསུམ། དབུ་ མ་འཇུག་པ་སོགས་ནང་རིག་པའི་སྡེ་སྣོད་རྒྱ་མཚོ་ལྟ་བུ་གསན་ནས་ དེ་དག་གི་དོན་ལ་བསམ་བྱུང་གི་རིགས་པས་ཞིབ་མོར་དཔྱད་པས་ སྒྲོ་འདོགས་བཅད་དེ་ལུང་གི་ཡོན་ཏན་བསམ་གྱིས་མི་ཁྱབ་པར་མངའ་ བརྙེས་པས་མཁས་པའི་ཡོན་ཏན་ཕུན་སུམ་ཚོགས་ཤིང་། བཙུན་པའི་ ཡོན་ཏན་ནི་སྲིད་པའི་ཕུན་ཚོགས་ཐམས་ཅད་དབྱར་དུས་ཀྱི་འཇའ་ ཚོན་ལྟ་བུ་ལས་སྙིང་པོ་མེད་པར་གཟིགས་ནས་སྲིད་ལ་མ་ཞེན་པར་ངེས་ པར་འབྱུང་བའི་ཐུགས་རྒྱུད་བསྐུལ་ཏེ་སྟོན་པ་དང་བསྟན་པ་ཚུལ་གཅིག་ ཏུ་གྱུར་པ་དམ་པའི་ཆོས་འདུལ་བའི་ཕྱག་ལེན་ཤིན་ཏུ་ཕྲ་མོ་ལའང་ གཅེས་སྤྲས་སུ་མཛད་དེ་ཤིན་ཏུ་གུས་པས་བསླབ་པའི་བཅས་མཚམས་ ལས་ནམ་ཡང་མི་འདའ་ཞིང་དྲན་པ་དང་ཤེས་བཞིན་བག་ཡོད་ཀྱི་བཻཌཱུརྱ་ དཀར་པོའི་བུམ་པ་ཚུལ་ཁྲིམས་རིན་པོ་ཆེ་ཡན་ལག་བརྒྱད་དང་ལྡན་ པའི་ཆུ་གཙང་གིས་གང་བ་ཉེས་པའི་རྡུལ་གྱིས་ནམ་ཡང་མི་རྙོག་པའི་ བདག་ཉིད་ཅན་སྲས་སྒྲ་གཅན་འཛིན་གྱི་རྣམ་ཐར་གཙང་མར་བསླབས་ ནས་ངུར་སྨྲིག་འཛིན་པའི་མཆོག་ཏུ་གྱུར། བཟང་པོའི་ཡོན་ཏན་ཞི་ བ་ལ་མ་ཆགས་པར་མི་བཟད་སྲིད་མཚོར་གཡེང་པའི་མཐའ་མེད་པའི་ འགྲོ་བ་རྣམས་ལ་བུ་གཅིག་པའི་མ་ལྟར་བརྩེ་བའི་སྙིང་རྗེའི་རླུང་ཤུགས་ ཆེན་པོས་རབ་ཏུ་བསྐྱོད་པའི་རྒྱ་ཆེན་བྱང་ཆུབ་སེམས་ཀྱི་གྲུར་ཞུགས་ ནས་རྟག་ཏུ་བདག་པས་གཞན་གཅེས་ཀྱི་སྤྱོད་པ་ལ་གཅིག་ཏུ་གཞོལ་ བར་མཛད་པ་སྟེ། དེ་ལྟ་བུའི་མཁས་བཙུན་བཟང་གསུམ་དང་ལྡན་ པའི་རྒྱལ་སྲས་ཟླ་བ་གཞོན་ནུ་དེ་ཉིད་སྐུ་ཚེ་ཡུན་དུ་བརྟན་ན་བསྟན་འགྲོའི་ དོན་རྒྱ་ཆེར་འབྱུང་དུ་ཉེ་ཡང་། ཕྱི་ནང་བསྐལ་དུས་ངན་པའི་རྐྱེན་ སྣ་ཚོགས་པས་ཉིད་ཀྱི་ཐུགས་བཞེད་ཇི་བཞིན་མི་འགྲུབ་པར་གཟིགས་ ནས་མཛད་པ་འཕྲོ་བརྟུལ་ཏེ། དགུང་གྲངས་ཉེར་གཅིག་བཞེས་པ་ ས་མུལ་ལོར་འོག་མིན་དུ་གཤེགས།

སྐུ་རབས་བརྒྱད་པ་བདག་ཅག་གི་འདྲེན་པ་གཅིག་པུ།

དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་ཏུ་འདུས་པའི་རང་གཟུགས། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག ཚད་མེད་པའི་ཐུགས་ རྗེ་དང་དྲི་མ་མེད་པའི་ཡེ་ཤེས་ལ་མངའ་དབང་འབྱོར་བའི་ངེས་པ་ དོན་གྱི་རྡོ་རྗེ་འཆང་ཆེན་པོ་བཀའ་དྲིན་མཉམ་མེད་ཁམས་གསུམ་ཆོས་ ཀྱི་རྒྱལ་པོ་འཇམ་མགོན་བླ་མ་མཚན་བརྗོད་པར་དཀའ་བ། ྋདཔལ་ ལྡན་ངག་དབང་མི་ཕམ་འཇིགས་མེད་ཆོས་ཀྱི་རྒྱ་མཚོ་ཡེ་ཤེས་རིན་ཆེན་བསྐལ་བཟང་དོན་བརྒྱུད་ཉི་མ་དགེ་ལེགས་ཕྲིན་ལས་ཀུན་ཁྱབ་ ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་མཚན་གྱི་རྔ་གསང་ཐ་གྲུར་ཁྱབ་པ་གང་ཉིད། རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་ཧོར་ཟླ་དང་ པོའི་ཡར་ངོའི་གྲལ་ཚེས་དགུ་ལ་ཇི་ལྟར་ཆུ་གཏེར་ཆེན་པོ་ལས་ཐོན་ པའི་གཏེར་གྱི་བུམ་པ་བཟང་པོ་ལྟར། ཡུམ་ལ་གནོད་པ་མེད་ཅིང་ མཚན་དཔེའི་ལང་ཚོ་དར་བ་འཇིག་རྟེན་ལ་ངོམ་པ་བཞིན་དུ་སྐུ་ བལྟམས་པ་ན། ཆུ་ཟངས་དཀར་གང་འོ་མའི་ཁ་དོག་ཏུ་གྱུར་པ་དང་། འཇའ་ཚོན་གྱི་གུར་ཁྱིམ་ཕུབ་པ་སོགས་ངོ་མཚར་བའི་མཚན་མ་སྣ་ ཚོགས་བྱུང༌། སྐུ་འཁྲུངས་ནས་ཟླ་བ་ཁ་ཤས་རྗེས་ཁམས་སྒར་གྱི་བླ་ རྒན་ཡེ་རབ་ཅེས་པ་ཕྱོགས་དེར་དགོན་པའི་འབུལ་སྡུད་ལ་ཕེབས་སྐབས་ ངོ་མཁྱེན་ཅིང་དགྱེས་པའི་རྣམ་འགྱུར་ཆེན་པོ་དང་བཅས། ཞལ་གྱི་ ཨག་ཚོམ་ལ་ཕྱག་གིས་འཇུས་གནང་ནས་གསུང་ཅལ་ཅོལ་སྨྲ་བར་ མཛད། གཞོན་ནུའི་དུས་ནས་རྩེ་གྲོགས་ཀྱི་ཕྲུ་གུ་རྣམས་ཀྱིས་འབུ་སྲིན་ ལ་གནོད་འཚེ་དང་གསོད་པ་སོགས་སྡིག་པའི་ལས་ཆེ་ཕྲ་ལས་ལྡོག་ཅིང༌། སྲོག་ཆགས་གྲོག་མ་ཡན་ལ་ཐུགས་བརྩེ་བས་བསྐྱངས་གནང་བར་ མཛད་པ་སོགས་ཐེག་པ་ཆེན་པོའི་རིགས་ཀྱི་རྟགས་ཐམས་ཅད་ལེགས་ པར་རྫོགས། རོལ་རྩེད་ཀྱི་བྱེ་བྲག་ཐམས་ཅད་ཀྱང་བྱང་ཆུབ་སེམས་ དཔའི་སྤྱོད་པ་རླབས་པོ་ཆེའིཟློས་གར་གྱིས་རྟག་ཏུ་དུས་འདའ་བ་ཞིག་ ཡོད། དེ་ནས་རིགས་ཀྱི་ཅོད་པཎ་གསང་བདག་དངོས་སྣང་མཐུ་ཆེན་ ཆོས་ཀྱི་རྒྱ་མཚོ་མཆོག་དང༌། སྐབས་དེར་བོད་ལྗོངས་ཡོངས་ལ་ཆོས་ སྲིད་གསེར་གྱི་འཁོར་ལོས་དབང་བསྒྱུར་བའི་ར་སྒྲེང་རིན་པོ་ཆེ། འཇམ་ དབྱངས་མཁྱེན་བརྩེའི་དབང་པོའི་གསང་བ་བསམ་གྱིས་མི་ཁྱབ་པའི་ ཡེ་ཤེས་སྒྱུ་མའི་རོལ་གར་ཀུན་བཟང་འགྲོ་འདུལ་བདེ་ཆེན་རྡོ་རྗེ་སོགས་ ཡེ་ཤེས་ཀྱི་དགོངས་པ་སྒྲིབ་མེད་དུ་མངའ་བའི་སྐྱེས་བུ་དམ་པ་རྣམས་ ཀྱིས་མགྲིན་གཅིག་ཏུ་སྐུ་གོང་མའི་ཡབ་གཞིས་སུ་འཁྲུངས་པའི་ཁྱེའུ་ ལྕུགས་ལུག་ལོ་པ་དེ་ཁམས་སྤྲུལ་གོང་མའི་སྐྱེ་སྲིད་འཁྲུལ་མེད་ཡིན་པས་ ངོས་འཛིན་བདག་སྤྲོད་དོ་དམ་བྱེད་དགོས་ཀྱི་བཀའ་རྟགས་ཕྱག་རྒྱའི་ རེ་ཁ་བཀྲ་བ་སྤྱིར་སྩོལ་གནང་བ་ལྟར། དགོན་པའི་བླ་མ་དབུ་ལས་ སྐུ་འཁོར་ཧྲག་བསྡུས་ཡབ་གཞིས་སུ་ཕེབས་ཏེ་གཟའ་སྐར་འཕྲོད་སྦྱོར་ དགེ་ཞིང་ཤིས་པའི་ཉིན་རབ་བྱུང་གི་རྟགས་ན་བཟའ་འབུལ་བཞེས་ཀྱི་ སྔོན་དུ་དྲི་བཟང་གི་ཆུས་སྐུ་ཁྲུས་གསོལ་སྐབས་ནམ་མཁའ་ནས་ཆར་ གྱི་རྒྱུན་བབས་པ་དང་འཇའ་ཚོན་གྱི་གུར་གྱིས་ཕྱོགས་ཀུན་མཛེས་པར་ བྱས་པ་སོགས་ཀུན་གྱིས་མཐོང་སྣང་དུ་གྲུབ་པའི་ངོ་མཚར་གྱི་མཚན་ མ་བཟང་པོ་མང་པོ་བྱུང་། དེ་རྗེས་ཕུན་གླིང་གདན་སར་མ་བྱོན་པའི་ སྔོན་སྐབས་ཤིག་ཁྱིམ་གྱི་གོང་རོལ་དུ་དབུ་གུར་བསྒྲོན་ནས་བཞུགས་ པའི་དུས་ཞོགས་སྔ་ཞིག་ལ། གར་འོང་མེད་པའི་རི་དྭགས་རྣ་བ་མང་ པོ་གུར་གྱི་སྒོ་དྲུང་དུ་འདུས་ནས་མིག་གིས་ཟིམ་མེར་མཆོག་སྤྲུལ་རིན་ པོ་ཆེའི་ཞལ་དཀྱིལ་མཇལ་ནས་སྡོད་པ་དང་། མཆོག་སྤྲུལ་རིན་པོ་ ཆེས་ཀྱང་ཕྱག་གིས་རི་དྭགས་རྣམས་ཀྱི་ལུས་ལ་བྱུག་གནང་མཛད་པ་ སོགས་ངོ་མཚར་ཆེན་པོ་བྱུང་བ་ནི་གཞན་ཕན་གྱི་ལས་ལ་རྟག་ཏུ་འགྲུས་ པའི་རྒྱལ་སྲས་སྙིང་རྗེའི་དབང་ཕྱུག་ཆེན་པོའི་བརྡ་རྟགས་ཤིག་ཡིན་ པ་གོར་མ་ཆགས། དེ་ནས་དགུང་གྲངས་ལྔ་ལ་ཕེབས་པ་ན། རྒྱལ་ བ་ལྷ་ལས་བབས་པའི་དུས་ཆེན་དང་སྟབས་བསྟུན་དཔལ་ཕུན་ཚོགས་ཆོས་འཁོར་གླིང་དུ་གདན་ཞུས་ཀྱིས་གུར་ཆེན་དཀར་མོ་མཐོང་གྲོལ་ ཞེས་བྱིན་རླབས་ཤིན་ཏུ་ཆེ་བར་གྲགས་པ་དེའི་ནང་། ལྷ་དང་བཅས་ པའི་འཇིག་རྟེན་རྣམས་ཀྱིས་མཆོད་ཅིང་ཕྱག་བྱས་པའི་དཔལ་མདོ་ ཁམས་པ་རིམ་བྱོན་གྱི་གསེར་ཁྲི་རབ་བརྗིད་དབང་པོའི་ལྷུན་པོར་བཤད་ པ་དང་སྒྲུབ་པའི་བཀའ་རྟགས་ཀྱི་ཕྱག་རྒྱས་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་ དབང་བསྐུར་བའི་མངའ་གསོལ་བར་མཛད་པ་དང་དུས་མཉམ་དགུང་ ནས་ཁ་བའི་དུམ་བུ་མེ་ཏོག་གི་འདབ་མ་སྣ་ཚོགས་བཀྲ་བ་ཉིལ་ཉིལ་ དུ་བབས་པས་ས་ཕྱོགས་ཐམས་ཅད་དཀར་ལྟེམ་མེར་གྱུར་པ་སོགས་ དགེ་ལེགས་ཀྱི་མཚན་མ་བཟང་པོ་ལྷུན་གྱིས་གྲུབ་པར་གྱུར་ཏོ།།

དེ་ནས་སྐུ་གོང་མའི་ཡོངས་འཛིན་བླ་མ་དཔལ་འབྱོར་མདུན་ནས་ཡི་གེ་འབྲི་ཀློག་དང༌། ཆོས་སྤྱོད་ཀྱི་རིམ་པ་ལ་བསླབས་པས་ དཀའ་ཚེགས་མེད་པར་མཁྱེན། མཁན་པོ་དོན་དམ། མཁས་གྲུབ་ བྱེ་བའི་ཁྱུ་མཆོག་མཚན་སྤྲུལ་བསོད་ནམས་བསྟན་འཛིན། མཁྱེན་ བརྩེ་ཆོས་ཀྱི་བློ་གྲོས། མཁྱེན་སྤྲུལ་བདེ་ཆེན་རྡོ་རྗེ་ལ་སོགས་པའི་ རིས་མེད་ཀྱི་དགེ་བའི་བཤེས་གཉེན་གསེར་གྱི་མཆོད་སྡོང་ལྟ་བུ་དུ་ མའི་ཞབས་པད་ལ་ཁེངས་པའི་སྐྱོན་གྱིས་མ་གོས་པས་བཏུད་ཅིང་སྙན་ ངག་དང་གསོ་དཔྱད་བརྡ་སྤྲོད་པའི་གཞུང་ཀཱ་ལ་པ། དཀར་རྩིས་ སོགས་བཅུ་ཕྲག་རིག་པའི་གནས་ཆེ་ཕྲ་རྣམས་དང༌། ཁྱད་པར་དུ་ མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུར་ཐོས་བསམ་མཛད་པས་སྐྱེས་ སྦྱང་གི་བློ་གྲོས་རྨད་དུ་བྱུང་བས་ཚིག་དོན་མ་ལུས་པ་ལན་རེ་དང་ཟུང་ རེ་གསན་པ་ཙམ་གྱིས་མཁྱེན་རབ་གསེར་གྱི་སྒྲོམ་བུར་ཆུད་ནས་དམ་ པའི་ཆོས་ཀྱི་གླེགས་བམ་གཅིག་ཏུ་གྱུར། སྐུ་ཚེ་སྔོན་ནས་ལས་སྨོན་ རིགས་ཀྱི་ཅོད་པཎ་དུ་ཐོབ་པ་གསང་འཛིན་ལག་ན་རྡོ་རྗེ་ངུར་སྨྲིག་ འཛིན་པའི་གར་གྱིས་རོལ་པ་མཐུ་ཆེན་ཆོས་ཀྱི་དབང་ཕྱུག་དཔལ་ཕུན་ ཚོགས་ཆོས་འཁོར་གླིང་དུ་གདན་འདྲེན་གྱིས་ཐོག་མར་གཙུག་ལག་ ཁང་གི་བསིལ་ཐོག རྣམ་འདྲེན་རྫོགས་པའི་སངས་རྒྱས་སྟོང་རྩ་གཉིས་ ཀྱི་སྣང་བརྙན་བྱིན་རླབས་ཀྱི་གཟི་བྱིན་འབར་བ་བཞུགས་པའི་དྲི་ གཙང་ཁང་དུ་མཁན་སློབ་དགེ་འདུན་གྲངས་ཚང་བའི་དབུས་སུ་དགེ་ ཚུལ་གྱི་སྡོམ་པ་བཞེས། དེ་ནས་རྒྱུད་སྡེ་རྒྱ་མཚོའི་ཉིང་ཁུ། མཁས་ གྲུབ་བྱེ་བའི་ཐུགས་བཅུད། མཁའ་འགྲོ་འབུམ་གྱི་སྙིང་ཁྲག་དཔལ་ འབྲུག་པའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་ཚངས་རྫོགས་སུ་གསན་ ནས་སྒྲུབ་པ་ཉམས་བཞེས་གནང་། སྐུ་ན་ཕྲ་མོའི་དུས་བསྟན་དགོན་ གྱི་བྱ་བ་ཁུར་དུ་བཞེས་དགོས་བྱུང་བར། ཡི་དམ་ལྷའི་སྒྲུབ་མཆོད་ གསར་འཛུགས། མཆོད་རྒྱུན་རྙིང་པ་ཉམས་གསོ་རྒྱ་ཆེར་གནང་ བ་དང་། དད་འབུལ་གྱི་དངོས་པོ་ཅི་མཆིས་ཆུད་མི་ཟ་ཞིང་འབྲེལ་ ཐོགས་ལྟོས་བཅས་རྣམས་བྱང་གྲོལ་ལ་འགོད་པ་དང་། བསྟན་འགྲོའི་ དུས་རྒུད་ཞི་བ་སོགས་ཀྱི་ཆེད་གསེར་ཟངས་ལས་བསྐྲུན་པའི་བཀའ་ བརྒྱུད་གསེར་ཕྲེང་ལྷ་གྲངས་བརྒྱད་ཅུ་གྱ་གསུམ་ཁྲུ་ཚད་ལྷག་ཙམ་དང་། རིས་མེད་གྲུབ་མཐའི་བླ་སྐུ། གསར་རྙིང་རྒྱུད་སྡེའི་ལྷ་སྐུ་མདའ་ཚད། ཁྲུ་ཚད། མི་གཟུགས་ཀྱི་ཚད་སོགས་ཅི་རིགས་ཀྱི་འབུར་སྐུ་བརྒྱ་ཕྲག་ ལས་བརྒལ་བ་དང་། བྲིས་སྐུའི་སྐོར། ཇོ་ནང་སྒྲོལ་མགོན་གྱིས་མཛད་ པའི་སྟོན་པའི་མཛད་བརྒྱ་གཞིར་བཞག་པའི་མཛད་བརྒྱའི་ཞལ་ཐང་ ལྔ་བཅུའི་སྐོར། རིགས་གསུམ་ཞལ་ཐང་རེར་ཐོག་བརྩེགས་གཉིས་ བྱས་པ་ཅན་གསུམ། འཇམ་དཔལ་ཁྲོ་ཆུའི་སྒྲུབ་ཆེན་གསར་འཛུགས་ གནང་སྐབས་ཀྱི་ཞལ་ཐང་གྲངས་མང་། གསུང་རྟེན་ཀུན་མཁྱེན་པདྨ་ དཀར་པོའི་གཞུང་འགྲེལ་ཁག་དང༌། འཇམ་དཔལ་ཁྲོ་ཆུའི་སྒྲུབ་ཕྲིན་ གྱི་འདོན་ཆོག་སོགས་གསུང་རབ་ཀྱི་པར་ཤིང་མང་པོ་དང་། གཞན་ ཡང་འཆམ་གོས་དང་མཆོད་རྫས་སྣ་ཚོགས་སོགས་རྟེན་མཆོད་ཡོ་བྱད་ བསམ་གྱིས་མི་ཁྱབ་པ་བཞེངས་པར་མཛད་པའི་རྒྱུ་ཆ་དང་བཟོ་གནས་ སོགས་གང་ནས་གཞལ་ན་ཡང་ཕུལ་དུ་ཕྱིན་པ་ཤ་སྟག་བསྐྲུན་པར་ མཛད། ཁྱད་པར་མདོ་སྔགས་རིག་གནས་བཅས་སློབ་གྲྭ་ཁག་གསུམ་ གསར་དུ་བཞེངས་གནང་རྒྱུའི་ཐུགས་བཞེད་བཞིན། དང་པོ། མདོའི་ སློབ་གྲྭ་གཙུག་ལག་ཁང་ཕི་ཊི་༩༦ གྲུ་བཞི་པ། ཤག་སྐོར་གྲངས་ ༨༠བཅས་ལེགས་པར་གྲུབ་པའི་ནང་བསླབ་པ་ཚུལ་ཁྲིམས་ཀྱི་གེ་སར་ ངུར་སྨྲིག་གི་འདབ་མས་མཛེས་ཤིང་། གཞུང་ལུགས་ཆེན་པོ་རྣམས་ ལ་ལེགས་པར་སྦྱངས་པའི་ལུང་དང་རྟོགས་པའི་ཡོན་ཏན་མང་རྩིའི་དོག་ པས་རབ་ཏུ་ལྕི་བའི་མཁན་སློབ་དགེ་འདུན་རྣམས་ནས་འཆད་ཉན་མིག་ ལྟོས་འོས་པ་གནང་མུས་སྐབས་སུ། རྒྱ་དམར་གྱིས་བོད་ནང་བཙན་ གནོན་དྲག་སྤྱོད་དངོས་སུ་རྩོམ་པའི་མཐུས་གསང་སྟབས་ཀྱིས་སྐུ་འཁོར་ ཧྲག་བསྡུས་དང་བཅས་བྲོས་བྱོལ་ཐོག་བོད་དབུས་སུ་ཕེབས་ནས། བདོག་པའི་དངོས་པོ་རྣམས་ཀྱིས་ཇོ་ཤཱཀ་རྣམ་གཉིས། གདན་ས་སེ་ འབྲས་སོགས་སུ་མཆོད་འབུལ་རྒྱ་ཆེར་གནང༌། དེ་ནས་ཕྱི་ལོ་ ༡༩༥༨ ལོ་མཇུག་ཏུ་འཕགས་ཡུལ་དུ་ཞབས་སོར་འཁོད་དེ། ཐོག་མར་རྒྱ་ བལ་གྱི་གནས་ཆེན་ཁག་ལ་གནས་གཟིགས་སུ་ཕེབས་ནས་ཐུགས་སྨོན་ དང་མཆོད་འབུལ་གནང་། དེ་རྗེས་༸གོང་ས་ལྷ་མིའི་རྣམ་འདྲེན་ ཆེན་པོ་མཆོག་གི་དབུས། རིས་མེད་ཀྱི་བླ་སྤྲུལ་དགེ་འདུན་རྣམས་ དང་། ཆོལ་གསུམ་མི་རིགས་ཇི་སྙེད་ཅིག་འཕགས་པའི་ཡུལ་འདིར་ ཕེབས་འབྱོར་སྐབས་བསྟན་དོན་ལ་ཐུགས་སེམས་རྣམ་པར་དཀར་བས། ༸གོང་ས་སྐྱབས་མགོན་ཆེན་པོར་སྙན་བརྣན་ཞབས་བསྐུལ་དང་འབྲེལ། རིས་མེད་བསྟན་པའི་སོན་རྩ་སྦག་སའི་ཆོས་ཚོགས་ཆེན་མོ་དབུ་འཛུགས་ ཞུས་པ་ནས་བཟུང་ཆོས་དོན་ཁང་དུ་ཡིག་ཆ་རྣམས་རྩིས་འབུལ་མ་ཞུས་ ཀྱི་བར་ལོ་ཤས་རིང་རྒྱུ་ཚགས་གཉིས་ཐོག་ནས་ཞབས་ཏོག་ཟོལ་མེད་ བསྒྲུབས་མཛད་པ་དང་། དུས་མཚུངས་ཀ་སྤུང་ཚེས་བཅུ་ཚོགས་པས་ ཟངས་མདོག་དཔལ་རིའི་ལྷ་ཁང་བཞེངས་རྒྱུ་འཕྲོས་ལུས་སུ་ཤོར་བ། གནས་སྐབས་བླ་གྲྭ་རྣམས་བཞུགས་ཡུལ་དང་། ཕུགས་སུ་སྔ་འགྱུར་ རྙིང་མའི་ཆོས་སྡེ་ཆེན་པོ་རྐང་ཚུགས་ཡུལ་ཞིག་འོང་རྒྱུའི་ཐུགས་རེ་དང་ བཅས་དངོས་པོའི་འགྲོ་སོང་དང་ལས་ཚགས་ལ་མ་གཟིགས་པར་རྒྱུན་ མཐུད་ཀྱིས་སྐུ་ངལ་དུ་མས་འོག་ཐོག་ཚང་མ་མཐའ་འདོན་དང་། སྤྲུལ་ སྐུའི་ཞིང་ཁམས་ཡང་ཕལ་ཆེར་གྲུབ་ཉེ། གཟིམས་ཆུང་དང་ཤག་སྐོར་ གསར་རྒྱག་དང་འབྲེལ་དེའི་རིང་བསྟན་འགྲོའི་དུས་རྒུད་ཞི་བའི་ཆེད་ ཆོས་ལུགས་ཁག་བཞིའི་བླ་སྤྲུལ་དགེ་འདུན་མང་པོ་གདན་ཞུས་ཀྱིས་ སྤྲོས་བཅས་ཚེས་བཅུའི་སྒྲུབ་ཆེན་གར་འཆམ་དང་བཅས་ཚུགས་གནང་ བ་དང༌། དཔེ་རྒྱུན་དཀོན་རིགས་ཀྱི་ཕྱག་དཔེ་ཁག་གསར་དུ་པར་ བཏབ་པའི་གསུང་རབ་ཉམས་གསོའི་པར་ཁང་། གཞུང་ཆེན་ཁག་ ལ་འཆད་ཉན་མཛད་པའི་བཤད་གྲྭ། ཆོས་དྲུག་གི་འཁྲུལ་འཁོར་ སོགས་ལ་ཉམས་བཞེས་གནང་བའི་སྒྲུབ་གྲྭ་བཅས་མདོར་ན་བཤད་ སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་ལ་སྲིད་ཞུ་ཆེན་པོ་གནང་། དེ་ རྗེས་༸གོང་ས་མཆོག་གི་བཀའ་འབྲེལ་རང་རིགས་ན་གཞོན་སློབ་ཕྲུག་ རྣམས་ཀྱི་སློབ་དེབ་གསར་དུ་འབྲི་རྩམ་གནང་ཆེད་ཆོས་ལུགས་ཁག་ བཞིའི་མཁས་དབང་ལྷན་འཛོམས་ཁོངས་སུ་མཛད་འགན་བསྐྱངས། དེ་རྗེས་རིམ་བཞིན་བཀྲ་ཤིས་ལྗོངས་བཟོ་གཞིས་དབུ་འཛུགས་དང་ བཅས་ཆོས་དང་ཤེས་རིག་མི་ཉམས་སྲུང་སྐྱོབ་ཀྱི་ཆེད་བོད་ཀྱི་རིག་ གཞུང་རྙིང་པའི་ལག་ཤེས་བཟོ་གྲྭ། སློབ་གྲྭ། བུ་གསོ་ཁང༌། སྨན་ ཁང་། ཕུན་ཚོགས་ཆོས་འཁོར་གླིང་གཉིས་པའི་ཕྱི་རྟེན་གཙུག་ལག་ ཁང་། ནང་རྟེན་སྐུ་གསུང་ཐུགས་ཀྱི་མཆོད་སྡོང་། བསྟན་རྩ་བཤད་ སྒྲུབ་ཀྱི་སྡེ་བཅས་གཞི་འཛུགས་གནང་བ་དངོས་སུ་མཐོང་བཞིན་པ་ འདི་ལྷག་ཡིག་ཐོག་ཏུ་འབྲི་དགོས་ཆེར་མ་མཆིས། དེ་ལྟ་བུའི་དམ་ པའི་སྐྱེས་བུ་དེ་ཉིད། མཁྱེན་རབ་ཀྱི་པདྨོ་ཁ་བྱེ། ཐུགས་རྗེའི་གྲིབ་ བསིལ་རྒྱས། དམ་པས་བསྔགས་པའི་ཡོན་ཏན་ཐམས་ཅད་ལ་དབང་ འབྱོར་ནས་མཁས་བཙུན་གྲུབ་པའི་ཡོན་ཏན་རྒྱ་མཚོའི་མཐར་སོན་ ཀྱང་རང་གི་ཡོན་ཏན་བུམ་ནང་གི་མར་མེ་ལྟར་སྦ་བར་མཛད་པ་ཇོ་ བོ་བཀའ་གདམས་པའི་རྣམ་ཐར་གཙང་མ་ལ་ཐུགས་ཕྱོགས་པས་རང་ ཉིད་མཁས་པ་དང་གྲུབ་པར་ནམ་ཡང་ཞལ་གྱིས་མི་བཞེས་པ་འདི་ཁོ་ ནའི་ཡོན་ཏན་བསམ་གྱིས་མི་ཁྱབ། འཕགས་པ་དང་སོ་སྐྱེའི་དགེ་ འདུན་ཚུན་ཆད་ཕྱག་མཆོད་བསོད་ནམས་ཀྱི་ཞིང་དམ་པར་དགོངས་ པའི་དག་སྣང་ཕྱོགས་ལྷུང་དང་བྲལ་བའི་སྒོ་ནས་གྲུབ་མཐའ་རིས་མེད་ ཀྱི་དགོན་རྟེན་གནས་ལ་མཆོད་པ་དང༌། དགེ་འདུན་བཞི་སྡེ་ཡན་ ཆད་ལ་གུས་པས་བསྙེན་བཀུར་མཛད་ཅིང་རྟག་ཏུ་བློ་སྦྱོང་དང་བྱང་ ཆུབ་སེམས་ལ་ཐུགས་རྩིས་སུ་མཛད་ནས་ཆོས་དང་འཇིག་རྟེན་གཉིས་ ཀའི་ཐོག་ནས་མཐོ་དམན་ཡོངས་ལ་ཕན་ཅི་ཐོག་མཛད། བོད་དང་ རྒྱ་གར་བལ་པོ་འབྲུག་འབྲས་ལྗོངས་སོགས་ཤར་ཕྱོགས་དང་། ནུབ་ ཕྱོགས་ཀྱི་རྒྱལ་ཁབ་མང་པོར་བླ་སྤྲུལ་དགེ་འདུན་དད་ལྡན་སྐྱེ་བོ་ཕོ་ མོ་ཁྲི་ཕྲག་དུ་མར་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་བཀའ་ཁྲིད་དང་། རང་ལུགས་སྨིན་གྲོལ་གྱི་རྒྱུན་འཆད་སྤེལ་གནང་བ་སོགས་གང་ལ་ གང་འཚམས་ཀྱི་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་བསྐོར་བར་ མཛད། ཞལ་གདམས་དང་ཆོག་ཁྲིགས་འདྲ་མིན་སོགས་ཀྱི་གསུང་ འབུམ་པོད་བདུན་ཙམ་བཞུགས། དེ་ནས་དམ་པ་དེ་ཉིད་དགུང་གྲངས་ ཞེ་དགུའི་དགུང་ཀེག་སྔ་མར་ཕེབས་པའི་སྐབས་ནས། ཕྱི་མཐའ་ གཟིགས་པའི་ཞལ་ཆེམས་སྣ་ཚོགས་སྩལ་བ་དང༌། མཛད་པ་འཕྲོས་ ལུས་སུ་མ་སོང་བར་གཙུག་ལག་ཁང་དང་ལྷ་ཁང་རྣམས་ཀྱི་ནང་གི་ རྟེན་གཙོ་དང༌། སྐུ་འདྲ་གསར་བཞེངས་མཛད་པ་རྣམས་ལ་གཟུངས་ གཞུག་རབ་གནས་གནང་རྒྱུ་སོགས་སྐུ་ངལ་ལ་མ་འཛེམས་པར་འཕྲལ་ དུ་ཚགས་སུ་ཚུད་པར་མཛད། འབྲུག་ཀྲོང་སར་ཆོས་སྡེས་དུས་རིང་ མོ་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཁ་བཞི་ལྷོའི་སྨན་ལྗོངས་ སུ་ཆིབས་བསྒྱུར་གྱིས་དད་ལྡན་རྣམས་ལ་འདོད་ཆོས་དབང་ཁྲིད་སྣ་ ཚོགས་སྩལ། མཐར་བོད་ས་ལུག་མགོ་ཟླ་བའི་གྲལ་ཚེས་བཅོ་བརྒྱད། ཕྱི་ལོ་ ༡༩༨༠ ཟླ་༢ ཚེས་༥ ཉིན། ཆོས་རྩེ་རབ་སྡེའི་ཆོས་གྲྭ་ ཆེན་པོར་བསྙུང་ཟུག་གང་ཡང་མེད་པར་དགོངས་པ་ཆོས་དབྱིངས་སུ་ གཞོལ་བའི་ཚུལ་བསྟན། སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་སྐབས་ དད་པའི་རྟེན་དུ་ཐུགས་མ་ཉམས་པ་བཞག་གནང་བ་གསེར་གདུང་ དུ་བཞུགས་སུ་གསོལ། དེ་ལྟ་བུའི་བདག་ཉིད་ཆེན་པོ་དེའི་ངོ་མཚར་ བའི་རྣམ་ཐར་དང་། མཛད་ཕྲིན་བསམ་གྱིས་མི་ཁྱབ་པ་ཡོད་པ་དེ་ དག་ཞིབ་པར་བརྗོད་ཀྱིས་ག་ལ་ལོང༌། འོན་ཀྱང་གདུལ་བྱ་རྣམས་ ཀྱི་དད་པའི་ས་བོན་ཙམ་དུ་རྣམ་ཐར་འགའ་ཞིག་འདིར་བཀོད་པ་ ལགས།

སྐུ་རབས་དགུ་པ་རིན་པོ་ཆེ་ནི།

དེའང་རྒྱལ་སྲས་སེམས་ དཔའ་ཆེན་པོ་རྣམས་ཀྱིས་གདུལ་བྱ་ཡལ་བར་འདོར་བ་མི་སྲིད་པའི་ ཕྱིར། སླར་ཡང་རིས་མེད་འགྲོ་བ་རྣམས་ལ་དམིགས་པ་མེད་པའི་ ཐུགས་རྗེས་ཉེ་བར་དགོངས་ཏེ། བསམ་འཕེལ་ནོར་བུའི་རྒྱལ་པོ་ ལྟ་བུའི་མཆོག་གི་སྤྲུལ་སྐུའི་ཟླ་གཞོན་གསར་དུ་འཆར་བ་གང་འདི་ ཉིད། དུས་གསུམ་རྒྱལ་བའི་སྐུ་དང་ཡེ་ཤེས་ཀྱི་རོལ་པ་གཅིག་ཏུ་ བསྡུས་ཤིང་། རྒྱལ་ཡོངས་ཀྱི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ ལོ་ལ་དབང་བསྒྱུར་བས། རིས་སུ་མ་ཆད་པའི་བསྟན་འགྲོ་སྤྱི་དང་། ཁྱད་པར་དྭགས་བརྒྱུད་སྙིང་པོའི་བསྟན་པའི་ཉི་མོར་བྱེད་པ་གཅིག་ པུ། ཇི་ལྟ་བ་དང་། ཇི་སྙེད་པ་སྟེ། མཁྱེན་པ་གཉིས་ལྡན་གྱི་སྐྱེས་ བུ་དམ་པ། འཇིག་རྟེན་དབང་ཕྱུག་དཔལ་སངས་རྒྱས་ཀརྨ་པ་རང་ བྱུང་རིག་པའི་རྡོ་རྗེ་མཆོག་དང༌། མཁྱེན་བརྩེ་ནུས་པའི་མངའ་བདག གྲུབ་པའི་འཁོར་ལོས་བསྒྱུར་བ་རིག་པ་འཛིན་པ་ཡོངས་ཀྱི་དབང་ཕྱུག་ འཇམ་མགོན་མཁྱེན་བརྩེའི་འོད་ཟེར་རིན་པོ་ཆེ་རྣམ་གཉིས་ཞལ་ལྷན་ རྒྱས་པའི། ཡེ་ཤེས་གཟིགས་པ་དྲི་མ་མེད་པ་ལས་ཇི་ལྟར་ཤར་བ་ བཞིན་རྡོ་རྗེའི་ལུང་གིས་སྐབས་ཕྱེས། ངེས་པའི་དོན་ངོས་འཛིན་ ཐག་བཅད་སོགས་འཁྲུལ་པའི་དྲི་མ་དང་བྲལ་བའི་བཀའ་དྲིན་ཆེན་ པོས་རྗེས་སུ་གནང་བ་ལྟར། འཕགས་ཡུལ་ཤར་ཕྱོགས་ཨ་རུ་ན་ ལྕལ་མངའ་སྡེ། གནས་ཡུལ་ཉེར་བཞིའི་ནང་ཚན་ཀ་མ་རཱུ་པ་སོགས། སྔོན་བྱོན་གྲུབ་པའི་དབང་ཕྱུག་མང་པོས་དངོས་དང་བརྒྱུད་ནས་ གསང་བ་གསུམ་གྱི་བྱིན་རླབས་སྩལ་བར་མཛད་པའི་གནས་ཆེན་དུ་ མས་བསྐོར་བ། འབུམ་སྡེ་ལ་ཞེས་པའི་ནོར་འཛིན་གྱི་ཐིག་ལེར། ཡབ་ཡུམ་གཙང་མའི་རྒྱུད་དུ། བོད་ལྕགས་སྤྲེལ་རགས་པ་མགོ་ཟླའི་ ཚེས་ ༢༣ ལ་ངོ་མཚར་མཚན་དཔེའི་པདྨོ་གསར་དུ་བཞད་དེ། དེའང་ཁྲུས་གསོལ་དང་། ན་བཟའ་འབུལ་བཞེས་སྔོན་དུ་འགྲོ་བས། རྔ་ཆེན་ཞེས་པ་ཆུ་ཕོ་ཁྱི་ལོའི་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ དང་སྟབས་འབྲེལ་གོང་མའི་གདན་སར་ཞབས་སོར་བཀྲ་ཤིས་ཀྱི་རེ་ ཁཱུ་མངོན་པར་བཀོད་པའི་དགའ་སྟོན་རྟེན་འབྲེལ་གྱི་ཆོ་ག་ལེགས་པར་ བསྒྲུབས་ཟིན་ཅིང་། ད་ལན་བོད་ཆུ་ཁམས་འཁོར་ལོའི་སྣ་ལྡན་གྱི་ གནམ་ལོ་གསར་དུ་བཞད་པ། མཉམ་མེད་ཐུབ་པའི་དབང་པོས་ཆོ་ འཕྲུལ་རྣམ་པར་རོལ་པས་མུ་སྟེགས་སྟོན་པ་དྲུག་རྗེས་འབྲང་དང་ བཅས་པ་ཕམ་པར་མཛད་ཅིང་། སངས་རྒྱས་ཀྱི་བསྟན་པ་ཉིན་མོར་ བྱེད་པའི་དཔལ་བཞིན་སྲིད་པ་གསུམ་ན་ལྷམ་མེར་སྣང་བར་མཛད་ པའི། བཀྲ་ཤིས་ཤིང་དགེ་བའི་བྱ་བ་སྟོབས་དང་འགྱུར་ཆེ་བའི་དུས་ ཆེན་ཁྱད་པར་ཅན། རྟ་བདུན་དབང་པོ་བྱང་བགྲོད་ལྷཡི ཉིན་མོར་ གྲགས་པའི་ཡར་གྱི་ངོ་ཚེས་༦ པ་སངས་ནམ་གྲུར་རྩེ་བ་བྱང་ཆུབ་ འགྲུབ་པའི་སྦྱོར་བྱེད་ཕུན་སུམ་ཚོགས་པའི་སྐབས་སུ་སླར་ཡང་འོག་ མིན་གཉིས་པ་དཔལ་ཕུན་ཚོགས་ཆོས་འཁོར་གླིང་ངེས་པ་དོན་གྱི་ དགའ་བའི་ཚལ་ཆེན་པོའི་འཇིགས་མེད་ཕྱོགས་ལས་རྣམ་པར་རྒྱལ་ བ་འཕྲོག་བྱེད་བརྒྱད་ཀྱིས་བཏེགས་པའི་གསེར་གྱི་ཁྲི་ལ་མངོན་པར་ བཀོད་དེ། ཆོས་ཀྱི་རྒྱལ་པོ་ཆེན་པོ་གདོད་ནས་གྲུབ་པ་ཡིན་ལ་ཡིན་ བཞིན་དུ་སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་མགོན་དུ་མངའ་གསོལ་ཞིང་ ཡང་དག་པར་གཟེངས་བསྟོད་པས། འཇིག་རྟེན་གསུམ་ཁོར་ཡུག་ དང་བཅས་པའི་ས་ཆེན་གྱི་ཁྱོན་ཀུན་ཏུ། བཀྲ་ཤིས་རབ་ཏུ་དགེ་བའི་ སྣང་བ་དཀར་པོས་ཁྱབ་ཅིང་། མཐའ་ཀླས་པའི་གདུལ་བྱ་རྒྱ་མཚོའི་ ཚོགས་རྣམས་གནས་སྐབས་དང་མཐར་ཐུག་གི་ལེགས་ཚོགས་ཆེས་ ཆེར་རྒྱས་ཏེ་རྫོགས་ལྡན་བཟང་པོའི་བསྐལ་པ་གསར་དུ་ངོམ་པའི་དུས་ སྟོན་རྟེན་འབྲེལ་གྱི་མཛད་སྒོ་ཐོག་མཐའ་བར་དུ་དགེ་བ་ལེགས་པར་ གྲུབ་པ་ལགས་སོ།། དེ་ལྟར་རྒྱལ་བ་མདོ་ཁམས་པའི་སྐུ་ཕྲེང་རིམ་ བྱོན་དེ་དག་ཚུར་མཐོང་གི་སྣང་ངོར་དོན་གཉིས་ཀྱི་མཛད་པ་ཤས་ཆེ་ ཆུང་ཙམ་སྣང་ནའང་། དོན་དུ་ངོ་བོའི་ཆ་ནས་སྤངས་རྟོགས་ཡོན་ཏན་ ལ་བྲི་གང་མེད་ཅིང་གདུལ་བྱ་རྒྱ་མཚོ་ཐབས་ལ་མཁས་པའི་ཕྲིན་ལས་ གང་འདུལ་གྱི་རོལ་པས་རྣམ་གྲོལ་མཆོག་གི་གོ་སར་བདེ་བླག་ཏུ་ དབུགས་འབྱིན་པ་ཤ་སྟག་བྱོན་ནས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་ བསྟན་པ་རིན་པོ་ཆེའི་རྒྱལ་མཚན་མི་ནུབ་སྲིད་མཐར་སྒྲེང་བའི་བཀའ་ དྲིན་གཞལ་དུ་མེད་པ་བསྐྱངས་པར་མཛད་དོ།། །།

ངེས་དོན་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་ཕྱོགས་བརྒྱར་ བསྒྲེངས་ཤིང༌། ངོ་མཚར་གཏམ་མང་མངའ་བའི། དཔལ་མགོན་བླ་ མ་དམ་པ་རིགས་བརྒྱའི་ཁྱབ་བདག་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ། བཀའ་དྲིན་མཉམ་མེད་མཚན་བརྗོད་པར་དཀའ་བ་༸བསྐལ་བཟང་ དོན་བརྒྱུད་ཉི་མ་རིན་པོ་ཆེ་མཆོག་གི་ཡང་སྲིད་སྤྲུལ་པའི་སྐུ་རིན་པོ་ཆེ་ ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་ཕྱག་བྱས་པའི་དཔལ་ ཕུན་ཚོགས་ཆོས་འཁོར་གླིང་གི་འཇིགས་མེད་གསེར་གྱི་ཁྲི་འཕང་མཐོན་ པོར་མངའ་གསོལ་བའི་དུས་ཆེན་རྨད་དུ་བྱུང་བར། རྒྱལ་བ་མདོ་ཁམས་ པ་ཞེས་མཚན་སྙན་གྱི་གྲགས་པའི་ཨུཏ་པལ་ཕྱོགས་ཀྱི་བུ་མོའི་རྣ་རྒྱན་དུ་ བསྲིང་པའི་རྡོ་རྗེ་འཛིན་པ་ཆེན་པོ་མཁས་གྲུབ་ཀྱི་དབང་ཕྱུག་རིམ་པར་ བྱོན་པ་རྣམས་ཀྱི་རྣམ་ཐར་ཆེ་ལོང་ཙམ་འགོད་པའི་དེབ་ཆུང་འདི་བཞིན། རྒྱུ་མཚན་ཤེས་ཤིང་ཡིད་ཆེས་བསྐྱེད་པའི་དགོས་པ་ཆེར་མཐོང་གིས། འཇམ་མགོན་ཆོས་ཀྱི་རྒྱལ་པོ་མདོ་ཁམས་བརྒྱད་པས་ཐུན་མིན་གྱི་བཀའ་ དྲིན་དང་ཐུགས་བརྩེས་སྐྱོང་བའི་འབངས་རྡོ་རྫོང་སྤྲུལ་སྐུ་ངག་དབང་ཡོན་ ཏན་ཆོས་ཀྱི་ཉི་མས་བྲིས་པ་འདིས་ཀྱང་ཚེ་རབས་ཀུན་ཏུ་དཔལ་མགོན་བླ་ མ་དམ་པ་དགྱེས་པའི་སྣང་བ་དང་མི་འབྲལ་ཞིང་རྗེས་སུ་བཟུང་བའི་རྒྱུར་ གྱུར་ཅིག། །།

Show Buttons
Hide Buttons