གཙོ་ངོས། / གཟིགས་སྐོར། / སློབ་གླིང་གསར་པ་ལེགས་གྲུབ་བྱུང་བ།

སློབ་གླིང་གསར་པ་ལེགས་གྲུབ་བྱུང་བ།

འདི་ག་བཀྲ་ཤིས་ལྗོངས་བྱེས་ཀྱི་གདན་ས་ཁམས་པ་སྒར་གྱི་སློབ་གླིང་གསར་བཞེངས་སྐོར།

སྐྱབས་རྗེ་རིན་པོ་རྣམ་པ་དང་མཁན་པོ་རྣམ་པ།

དེ་ཡང་༸སྐྱབས་རྗེ་བདེ་བར་གཤེགས་པ་དཔལ་༸རྒྱལ་བ་མདོ་ཁམས་བརྒྱད་པ་བསྐལ་བཟང་དོན་བརྒྱུད་ཉི་མའི་དགོངས་རྫོགས་སུ་དམིགས་ཏེ། ༸སྐྱབས་རྗེ་མཆོག་གི་ཐུགས་སྲས་འཇམ་དབྱངས་མཁྱེན་བརྩེ་ཡེ་ཤེས་རིན་པོ་ཆེ་ནས་བཤད་གྲྭའི་གཙུག་ལག་ཁང་དང་གྲྭ་ཤག་སོགས་ཀྱི་སློབ་གཉེར་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་གནང་པ་དེར། དེང་གི་ཆར་བོད་དང་རྒྱ་གར་འབྲུག་དང་བལ་ཡུལ་སོགས་ཧི་མ་ལའི་རི་བརྒྱུད་ཁུལ་ནས་སློབ་གཉེར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་མི་ཤོང་བའི་དཀའ་ངལ་དང་། མ་འོངས་པར་ཡང་ཇེ་མང་དུ་འགྲོ་ངེས་པའི་རྒྱུ་མཚན་ལ་བརྟེན། མཁན་སློབ་ལྔ་བརྒྱ་ཡས་མས་ཀྱི་འཆད་ཉན་གནང་སའི་སློབ་གཉེར་ཁང་ཚད་ལྡན་ཞིག་གསར་བསྐྲུན་དགོས་ངེས་སུ་སོང་སྟབས།


ཕྱི་ལོ་༢༠༠༨ ལོར་བཤད་གྲྭའི་མཁན་པོ་དང་ལས་བྱེད་རྣམ་པས་སློབ་གླིང་གསར་བཞེང་གི་སྐོར་༸དཔལ་རྒྱལ་བ་མདོ་ཁམས་པ་རིན་པོ་ཆེ་མཆོག་གིས་གཙོས་༸སྐྱབས་རྗེ་གོང་མའི་ཐུགས་སྲས་བླ་སྤྲུལ་རྣམ་པར་སྙན་གསན་ཞུས་མོད། ༸སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་སྐབས་དེའི་དུས་ཕྱོགས་གང་མང་ཞིག་ལ་གཟིགས་དགོས་པ་བརྟེན་། ཕྱི་ལོ་༢༠༠༩ ལོར་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་སློབ་གླིང་གསར་བསྐྲུན་གྱི་འཆར་གཞི་དང་དཔལ་འབྱོར་ཐད་ནས་མཐུན་འགྱུར་གནང་སྐྱོང་ཡོང་བར་གསོལ་འདེབས་ཞུས་དོན་ལྟར། ༸རྒྱལ་དབང་མཆོག་ནས་ཁོང་གི་སྦྱིན་བདག་ཞིག་ལ་སློབ་གླིང་གསར་བསྐྲུན་ཆེད་དུ་རོགས་རམ་གང་ནུས་གནང་ཐུབ་ན་དགེ་མཚན་ཡོད་སྐོར་བཀའ་ཕེབས་པ་བཞིན། སྦྱིན་བདག་དེ་བཀྲ་ཤིས་ལྗོངས་སུ་ཆེད་ཕེབས་མཛད་ནས་མཁན་ལས་རྣམ་པ་དང་བཀའ་མོལ་གནང་སྟེ་སློབ་གླིང་གསར་བསྐྲུན་གྱི་ས་ཆའི་ཆེད་དུ་ཞལ་འདེབས་གང་འཚམས་གནང་། དེ་ནས་བཤད་གྲྭའི་མཁན་ལས་རྣམས་ཀྱིས་སློབ་གླིང་གསར་བསྐྲུན་བྱ་ཡུལ་གྱི་ས་ཆ་བཀྲ་ཤིས་ལྗོངས་ཀྱི་ཉེ་འཁོར་གང་སར་འཚོལ་སྒྲུབ་བྱས་ཀྱང་བསམ་པ་ནང་བཞིན་མ་རྙེད་སྟབས།

ས་འདུལ་བྱིན་རླབས་ཚོགས་སྐབས།

༸དཔལ་རྒྱལ་བ་མདོ་ཁམས་བརྒྱད་པ་མཆོག་གིས་གྲྭ་ཚང་དང་གཞིས་ཁོངས་ཀྱི་དུད་ཚང་ཁག་ཅིག་ལ་གནང་བའི་ས་ཞིང་དེར་འགྲོ་ལམ་བདེ་ཞིང་འཛུགས་སྐྲུན་སླ་བ་དང་། དགོན་པ་གྲྭ་ཚང་དང་བར་ཐག་ཉེ་རིང་འཚམས་པ་སོགས་ཀྱིས་ས་གནས་དེར་བཞེང་རྒྱུ་འབྱུང་ན་དགེ་མཚན་སྐོར་དཔལ་རྒྱལ་བ་མདོ་ཁམས་དགུ་པ་མཆོག་དང་སྐྱབས་རྗེ་གྲུབ་དབང་རྡོ་རྫོང་རིན་པོ་ཆེ། རྟོགས་ལྡན་ཨ་ཆོས་རྣམ་པ་ལ་སྙན་གསན་ཞུས་པས། ༸ སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་མཆོག་གིས་ས་གནས་དེར་སློབ་གླིང་གསར་བསྐྲུན་བྱ་རྒྱུ་བྱུང་ན་ཡག་པོ་འདུག སྐྱབས་རྗེ་བདེ་བར་གཤེགས་པ་རྒྱལ་བ་མདོ་ཁམས་བརྒྱད་པ་བསྐལ་བཟང་དོན་བརྒྱུད་ཉི་མ་མཆོག་གིས་ཐུབ་བསྟན་བཤད་སྒྲུབ་ཆེད་དུ་ས་ཆ་དེ་དག་གཟིགས་པ་སོགས་རྗེ་གོང་མའི་ཐུགས་ཀྱི་དགོངས་པ་གང་ཡིན་པ། གྲྭ་ཚང་དང་། གཞིས་ཁོངས་ཀྱི་ས་ཆའི་དོ་བདག་བཅས་པར་བཀའ་སློབ་ལམ་སྟོན་མཛད། དགོན་གཞུང་གྲྭ་ཚང་ནས་ས་ཆ་གང་ཡོད་གནང་སྦྱིན་བྱུང་བ་དང་། གཞིས་ཁོངས་ཀྱི་ས་བདག་དུད་ཚང་བཀྲ་ཆོས་ཚང་ནས་རིན་མེད་ཆོས་སྦྱིན་གནང་། དུད་ཚང་གཞན་ཁག་གིས་ཀྱང་ང་ཚོའི་རེ་བ་ལྟར་ཧ་ཅང་རིན་གོང་ཁེ་པོ་བྱས་པའི་ཉེར་ལེན་ལ་བརྟེན། ཞིང་ཁ་དེར་སློབ་གླིང་གསར་སྐྲུན་བྱ་རྒྱུའི་ཐག་ཆོད་བྱུང་།


་                                                 ས་འདུལ་བྱིན་རླབས་གནང་སྐབས།

༸རྒྱལ་བ་མདོ་ཁམས་པ་མཆོག་དང་སྐྱབས་རྗེ་གྲུབ་དབང་རྡོ་རྫོང་རིན་པོ་རྣམ་གཉིས་གཙོས་འབྲེལ་ཡོད་རྣམ་པར་ལམ་སྟོན་ཞུས་ཏེ། ཕྱི་ལོ་༢༠༡༠ ལོར་སློབ་གླིང་གསར་སྐྲུན་སོགས་ཀྱི་ཆེད་དུ་སློབ་གླིང་འདི་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཏེ་ཕྱི་དངུལ་ལེན་ཐབས་སོགས་དང་སློབ་གླིང་གསར་སྐྲུན་གྱི་ལས་གཞི་དང་དཔལ་འབྱོར་སོགས་ཀྱི་ཐབས་ཤེས་གང་ཡོང་བྱས་པས། སྐྱབས་རྗེ་གྲུ་དབང་རྡོ་རྫོང་རིན་པོ་ཆེ་མཆོག་གིས་སློབ་གླིང་གསར་སྐྲུན་དེ་བསྟན་པ་སྤྱི་དང་བྱེ་བྲག་ལ་དགོས་གལ་ཆེ་བར་གཟིགས་ཏེ། ཁོང་གི་སྦྱིན་བདག་སྐུ་ཞབས་ལིས་ལ་སློབ་གླིང་གསར་པར་སྦྱིན་བདག་གནང་སྟེ། རྒྱལ་བ་མདོ་ཁམས་དགུ་པ་མཆོག་ལ་ཞབས་ཕྱིར་ཞུ་ཐུབ་ན་དགེ་མཚན་ཆེ་བ་ལས། ཁོང་ལ་དཔལ་འབྱོར་གྱི་མཐུན་འགྱུར་གང་ཡང་ཐབས་ཤེས་མི་དགོས་སྐོར་གྱི་བཀའ་སློབ་ནན་པོ་གནང་བས་སློབ་གླིང་གསར་བཞེང་ཆེད་དུ་དཔལ་འབྱོར་གྱི་རོགས་རམ་བྱ་རྒྱུ་ཁས་ལེན་ཞུས་ཤིང་། རྒྱལ་བ་མདོ་ཁམས་པ་མཆོག་མཇལ་བཅར་གྱིས་དཔལ་འབྱོར་སོགས་ཀྱི་ཕྱག་ལས་གང་ཡོད་སོགས་བཀའ་འདྲི་ཞུ་དུས། རྒྱལ་བ་མདོ་ཁམས་པ་མཆོག་གིས་ཀྱང་སློབ་གླིང་གསར་བཞེང་དེ་དགོས་གལ་ཆེན་པོ་ཡིན་སྐོར་གསུངས་པ་བཅས་ཀྱིས་སྦྱིན་བདག་ཁོང་གིས་ཐོག་མར་ཨ་སྒོར་ས་ཡ་གཅིག་གཏོང་རྒྱུ་ངེས་གཏན་བྱུང་བས།


ཕྱི་ལོ་༢༠༡༡  ཕྱི་ཟླ་༡༡ ཚེས་༣༠ ལ་སློབ་གླིང་གསར་སྐྲུན་ཆེད་དུ་རྒྱལ་བ་མདོ་ཁམས་པ་མཆོག་དང་སྐྱབས་རྗེ་གྲུབ་དབང་རྡོ་རྫོང་རིན་པོ་ཆེ། སྐྱབས་རྗེ་གྲུ་གུ་ཆོས་རྒྱལ་རིན་པོ་ཆེ་རྣམ་གསུམ་དབུ་བཞུགས་ཐོག མཁན་སྤྲུལ་རྟོགས་ལྡན་འདུས་མང་རྣམ་པས་ས་འདུལ་བྱིན་རླབས་མཛད་ཅིང་། རྒྱལ་བ་མདོ་ཁམས་པ་མཆོག་གིས་སློབ་གླིང་གསར་པའི་ལས་གཞི་དང་གྲྭ་ཤག་ཆེད་དུ་དཔལ་འབྱོར་ཐབས་ཤེས་གནང་ཞིང་། བཤད་གྲྭའི་མཁན་ལས་རྣམ་པས་ཕྱི་དངུལ་ལེན་ཆོག་པའི་ཆོག་མཆན་ཞུ་རྒྱུ་དང་། ས་ཁྲ་འབྲི་རྒྱུ། འཛུགས་སྐྲུན་བཟོ་ལས་པ་སུ་ལ་སྤྲོད་དགོས་མིན་སོགས་ཀྱི་ལས་གཞི་འགོ་བརྩམས་ཤིང་།


ཕྱི་ལོ་༢༠༡༣ ལོར་སློབ་གླིང་གསར་པའི་ལྕགས་རིའི་ལས་གྲྭ་འགོ་འཛུགས་བྱས་མོད། བཤད་གྲྭའི་ཚོགས་པའི་མིང་ཐོག་ནས་ཕྱི་དངུལ་ལེན་ཆོག་པར་དེབ་སྐྱེལ་ཞུས་པའི་རྗེས་སུ་མ་མཐའ་ཡང་ལོ་གསུམ་གྱི་རྩིས་ཁྲ་ཆ་ཚང་དགོས་པ་སོགས་ཀྱིས་ཕྱི་ལོ་༢༠༡༤ལོར་མ་གཏོགས་ཆོག་ཆན་མ་ཐོབ་པར་དེ་མུར་ལྷག ལོ་དེའི་མཇུག་ཏུ་ཕྱི་དངུལ་ལེན་ཆོག་པའི་ཆོག་མཆན་ཐོབ་སྟེ་འཛུགས་སྐྲུན་བཟོ་ཆོག་ཆོག་ལྟ་བུ་ཡིན་མོད། འོན་ཀྱང་བཀྲ་ཤིས་ལྗོངས་ཀྱི་ས་གནས་དེ་གྲོང་ཁྱེར་གྱི་ཁོངས་སུ་བཅུག་ནས་འཛུགས་སྐྲུན་གང་འདྲ་ཞིག་བྱ་དགོས་ནའང་གཞུང་ལ་ཆོག་མཆན་ཞུ་དགོས་པ་ཆགས།


ཕྱི་ལོ་༢༠༡༦ལོའི་ལོ་འགོར་གཞི་ནས་ཆོག་མཆན་ཐོབ་པས་ལོ་དེའི་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་གཙུག་ལག་ཁང་གི་རྨང་རྡོའི་དབུ་འབྱེད་མཛད་སྒོ་ཚོགས་ཤིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ཆེད་དུ་གདན་འདྲེན་ཞུས་ཏེ། ལྷ་ཁང་དང་གྲྭ་ཤག་སོགས་ཀྱི་ལས་གྲྭ་དངོས་སུ་དབུ་འཛུགས་བྱས།


གཙུག་ལག་ཁང་དེར་ཐོག་བརྩེགས་ཕྱེད་བཞི་ཡོད་ཅིང་། འདུ་ཁང་དང་། ཚོགས་ཁང་། དཔེ་མཛོད་ཁང་། རྩིས་འཕྲུལ་ཁང་། ཡིག་ཚང་། འཛིན་ཁང་། སྐུ་འགྲོན་སྣེ་ལེན་ཁང་དང་། དམིགས་བསལ་ཞལ་ལག་བཞེས་ཁང་། མཁན་ལས་སློབ་གཉེར་བ་རྣམས་ཀྱི་ཞལ་ལག་བཞེས་ཁང་། བླ་ཆེན་ཁག་དང་མཁན་སྤྲུལ་ཁག་ཅིག་གི་གཟིམ་ཁང་སོགས་ཁང་མིག་རིགས་འདྲ་མིན་བཞི་བཅུ་ཙམ་ཡོད་ཅིང་། གནའ་བོའི་བཟོ་བཀོད་ཐོག་གློག་སྐས་དང་། གྲང་གློག མཐོང་རྒྱ། ཕེབས་ལམ་སོགས་དེང་རབས་དང་མཐུན་པར་བྱས་ཡོད།


སློབ་གཉེར་བའི་བཞུགས་གནས་གྲྭ་ཤག་དེར་ཐོག་བརྩེགས་གསུམ་ཅན་གྱི་ཤག་ཕྲེང་གཉིས་ཏེ་ཁང་མིག་བརྒྱ་དང་ལྔ་ཡོད་ཅིང་ཁང་པ་རེར་ཉི་ར་དང་། ཁང་མིག་བཅོ་ལྔ་ཙམ་ལ་ཁྲུས་ཁང་དང་ཐབ་ཚང་ཆ་འགྲིག་ཡོད་ལ། གྲྭ་ཤག་དེ་དག་གི་ཐོག་བརྩེགས་རེར་ཐུན་མོང་གི་ཆབ་ཁང་དང་ཁྲུས་ཁང་བཅས་ཡོད། ཐབ་ཚང་ལའང་ཐོག་བརྩེགས་གཉིས་ལྡན་ཞིག་སྟེ། ཞལ་ལག་བཟོ་ས་དང་། གཉེར་པའི་ལས་ཁུངས། གཉེར་པའི་ལས་ཤག འབྲེལ་ཡོད་འགྲོན་པོ་རྣམ་པ་བཞུགས་གནས་བཅས་ཀྱི་གཙུག་ལག་སློབ་གཉེར་ཁང་ཆེན་མོ་འདི་བཞིན་གསར་བཞེང་ལེགས་པར་གྲུབ་ཏེ། སྤྱི་ལོ་ ༢༠༡༩ ཟླ་བ་ ༡༠ ཚེས་༤ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་མོར་བཤད་གྲྭའི་མཁན་སློབ་རྣམ་པ་སློབ་གླིང་གསར་པར་གནས་སྤོ་དང་འབྲེལ་བའི་རྟེན་འབྲེལ་གྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས། དེའང་མཛད་སྒོའི་ཚོགས་མགོན་དུ་༸རྒྱལ་བ་མདོ་ཁམས་པ་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཤིང་། ཐུགས་བརྩེ་ཆེན་པོས་བཀའ་ཆོས་ཟབ་མོ་བཀའ་དྲིན་བསྩལ་གནང་བ་དང་། རྟོགས་རྒན་ཨ་ཆོས་རིན་པོ་ཆེ་མཆོག་གིས་ཀྱང་རྒྱ་གར་གྱི་གྲུབ་ཆེན་ཏིལློ་པས་མཛད་པའི་ཕྱག་ཆེན་གངྒཱ་མའི་ལྗགས་ལུང་གནང་བ།  ༸དཔལ་རྒྱལ་བ་མདོ་ཁམས་པ་མཆོག་གིས་སྔར་ལོའི་བཤད་གྲྭའི་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་རྩེར་སོན་སློབ་མ་དག་དང་། སློབ་གླིང་གསར་བསྐྲུན་གྱི་བཟོ་ལས་འགོ་པ་ཁག་ཅིག་ལ་བྱ་དགའ་གསོལ་རས་སྩལ། གཞན་ཡང་བཤད་གྲྭའི་ལས་ཐོག་མཁན་པོ་ཆོས་དབྱིངས་ལྷུན་གྲུབ་མཆོག་ནས་བླང་དོར་བཀའ་སློབ་ཟབ་རྒྱས་དང་། དེ་བཞིན་བཤད་གྲྭའི་ཡིག་ཚང་དང་སློབ་གླིང་གསར་བཞེང་གི་འགན་འཛིན་མཁན་པོ་བྱམས་པ་ཡོན་ཏན་མཆོག་ནས་སློབ་གླིང་གསར་བཞེངས་ཀྱི་རྒྱུད་རིམ་དང་བཤད་གྲྭའི་ཡིག་ཚང་གི་གནས་སྟངས་སོགས་ངོ་སྤྲོད་གནང་བ།  མཐའ་འཇུག་ཏུ་༸སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་བཤད་གྲྭའི་དྲ་རྒྱ་གསར་པ་འདི་དབུ་འབྱེད་གནང་བ་བཅས་སོ། །

 

གཙུག་ལག་ཁང་འདིའི་ཐོག་མཐའ་བར་གསུམ་དུ་ལས་འཆར་དང་བཟོ་ལས་སོགས་ཀྱི་གཙོ་འགན་དེ་མཁན་པོ་བྱམས་པ་ཡོན་ཏན་གྱིས་ཁུར་ཞིང་། མཁན་པོ་བློ་གསལ་བཟང་པོ་དང་། སྤྲུལ་སྐུ་སྤོབས་པ་རིན་པོ་ཆེ། སློབ་ཐོན་པ་ལྷུན་གྲུབ་དཔལ་ལྡན། ཡེ་ཤེས་ཕུན་ཚོགས། བཀྲ་ཤིས། སེང་གེ་བཅས་ཀྱིས་སྔ་ཕྱིར་ཕྱག་རོགས་ཞུས། གཙུག་ལག་ཁང་འདིའི་ཕྱི་ནང་རྟེན་དང་བརྟེན་པར་བཅས་པའི་འགྲོ་སོང་ཆ་ཚང་སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་དང་ཆོས་རྒྱལ་རིན་པོ་ཆེ་རྣམ་གཉིས་ཀྱི་སློབ་མ་སྦྱིན་བདག་ལིས་སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་མཆོག་གིས་ཐུགས་དགོངས་ལྟར་གནང་བ་དང། གྲྭ་ཤག་དང་ཐབ་ཚང་བཅས་ཀྱི་ཕྱི་ནང་གི་འགྲོ་སོང་ཆ་ཚང་༸དཔལ་རྒྱལ་བ་མདོ་ཁམས་པ་མཆོག་གིས་ཐབས་ཤེས་གནང་བ་དང། ལྕགས་རིའི་འགྲོ་སོང་དེ་མཁན་པོ་བློ་གསལ་མཆོག་གིས་ཐབས་ཤེས་གནང་དང་གནང་མུས་བཅས་སོ། །

   སློབ་གླིང་གསར་བཞེང་སྐབས་ཀྱི་ལས་བྱེད་རྣམ་པ།

 

མཁན་པོ་བྱམས་པ་ཡོན་ཏན།
མཁན་པོ་བློ་གསལ་བཟང་པོ།
སྤྲུལ་སྐུ་སྤོབས་རབའབྱམས།
ལྷུན་གྲུབ་དཔལ་ལྡན།
ཡེ་ཤེས་ཕུན་ཚོགས།
བཀྲ་ཤིས་ཚེ་རིང་།
སེངྒེ་རྒྱལ་མཚན།

 

 

 

 

 

 

 

 

 

Check Also

| • ༢༠༢༣ བསླབ་པ་མཐར་སོན་གྱི་མཛད་སྒོ། 

|| • ༢༠༢༣ བསླབ་པ་མཐར་སོན་གྱི་མཛད་སྒོ།  བོད་རྒྱལ་ལོ་ ༢༡༥༠ བོད་ཟླ་ ༢ ཚེས་ ༡༦ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་མོར་འདི་ག་འཕགས་ཡུལ་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ། ཕྱི་ལོ་ ༢༠༢༢ ལོའི་བཤད་གྲྭའི་བསླབ་པ་མཐར་སོན་པ་རྣམས་ལ་སློབ་ཐོན་པའི་ཕྱག་ཁྱེར་དང་། ཕར་ཕྱིན་རབ་འབྱམས་པ་རྣམས་ལ་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར། …

One comment

Show Buttons
Hide Buttons