གཙོ་ངོས། / ལེ་ཚན་གཞན། / བསླབ་པ་མཐར་སོན་གྱི་མཛད་སྒོ་ལེགས་གྲུབ་བྱུང་བ།

བསླབ་པ་མཐར་སོན་གྱི་མཛད་སྒོ་ལེགས་གྲུབ་བྱུང་བ།

རྗེས། སྔོན།
རྗེས། སྔོན།

བོད་རྒྱལ་ལོ་ ༢༡༤༨ ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༠༤ ཕྱི་ཚེས་ ༡༤ ཉིན་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་ཁང་དུ། ངེས་པ་དོན་གྱི་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་རྟོགས་ལྡན་ཆོས་ཀྱི་བློ་གྲོས་མཆོག་དབུ་བཞུགས་ཐོག་འདི་ག་མཐོ་སློབ་ནས། སློབ་ཐོན་པའི་ཕྱག་ཁྱེར་དང་། ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར། ལོ་འཁོར་རྒྱུགས་སྤྲོད་རྩེར་སོན་རྣམས་ལ་གཟིགས་བཟོས་གསོལ་རས་གནང་བ་བཅས་ཀྱི་མཛད་སྒོ་སྟབས་གཅིག་ཏུ་བསྐྱངས་ཡོད།

དེ་ཡང་སྔར་ལོ་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་མུ་མཐུད་ཁྱབ་བརྡལ་འགྲོ་བཞིན་པར་རྟེན། འདི་ག་མཐོ་སློབ་ཁང་གི་བསྟན་པའི་བདག་པོ། ༧དཔལ་རྒྱལ་བ་མདོ་ཁམས་པ་ངེས་དོན་བཤད་སྒྲུབ་ཉི་མ་མཆོག་ཕེབས་གྲུབ་མེད་ནའང་། སུམ་ལྡན་རྡོ་རྗེ་འཛིན་པ་རྟོགས་ལྡན་ཆོས་ཀྱི་བློ་གྲོས་མཆོག་ཆེད་ཕེབས་དང་འབྲེལ། གྲྭ་ཚང་གི་ལས་སྣེ་ཁག་དང་། གཞིས་ལས་ཁང་གི་དྲུང་ཆེ་གཙོས་པའི་རྒྱུན་ལས་རྣམ་པ། འདི་ག་བཤད་གྲྭའི་མཁན་སློབ་དགེ་འདུན་པ་རྣམས་ཚོགས་འཛོམས་གནང་སྟེ། ༢༠༡༩ ལོའི་སློབ་ཐོན་པ་རྣམ་པར་སློབ་ཐོན་ཕྱག་ཁྱེར་དང་། ༢༠༡༩ ལོའི་ཕར་ཕྱིན་རབ་འབྱམས་པའི་ཕྱག་འཁྱེར། ༢༠༢༠ ལོའི་ཕར་ཕྱིན་རབ་འབྱམས་པའི་ཕྱག་འཁྱེར། ལོ་གཉིས་རིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རྒྱུགས་འབྲས་རྩེར་སོན་རྣམ་པར། སྔར་རྒྱུན་བཞིན་༧དཔལ་རྒྱལ་བ་མདོ་ཁམས་པ་མཆོག་གི་སྐུ་མདུན་ནས་གཟིགས་བཟོས་གསོལ་རས་བསྩལ་བ་བཅས་ཀྱི་མཛད་སྒོ་དེ་ཉིད། ཐོག་མར་སྔ་དྲོ་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་མཐོ་སློབ་ཁང་གི་མཁན་སློབ་འདུས་མང་ཡོངས་ཀྱི་བསུ་བ་སེར་ཕྲེང་བཅས། སུམ་ལྡན་རྡོ་རྗེ་འཛིན་པ་རྟོགས་ལྡན་ཆོས་ཀྱི་བློ་གྲོས་མཆོག་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་ཁང་དུ་ཞབས་སོར་ལེགས་པར་འཁོད་པ་དང་། དབུ་མཛད་ཀྱིས་འཕགས་པ་དཀོན་མཆོག་རྗེས་དྲན་དང་། ཀུན་མཁྱེན་ཆེན་པོ་མི་ཕམ་པདྨ་དཀར་པོས་མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་གསུངས་ནས་མཛད་སྒོ་དབུ་ཚུགས།

དེ་ནས་མཐོ་སློབ་ཁང་གི་ཆོས་ཁྲིམས་པ་སློབ་དཔོན་ངག་དབང་ཆོས་བཟང་ལགས་ཀྱིས་མཛད་རིམ་སྙན་སྒྲོན་མཛད་ཅིང་། མཐོ་སློབ་ཁང་གི་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དང་ཤེས་ཡོན་འགན་འཛིན་གཅིག་ལྕོགས་སློབ་དཔོན་ཐུབ་བསྟན་དགེ་ལེགས་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་། དེ་ནས་རྟོགས་ལྡན་ཆོས་ཀྱི་བློ་གྲོས་མཆོག་གིས་ཕྱི་ལོ་ ༢༠༡༩ ལོའི་སློབ་ཐོན་པ་རྣམས་ལ་བསླབ་པ་མཐར་ཕྱིན་གྱི་ཕྱག་འཁྱེར་དང་། ཕར་ཕྱིན་རབ་འབྱམས་པའི་ཕྱག་འཁྱེར། ཕྱི་ལོ་ ༢༠༢༠ ལོའི་ཕར་ཕྱིན་རབ་འབྱམས་པའི་ཕྱག་འཁྱེར་བཅས་གནང་། དེ་ནས་མཁན་པོ་བློ་གསལ་བཟང་པོ་མཆོག་གིས་ཕྱི་ལོ་ ༢༠༡༩ ལོའི་བཤད་གྲྭ་དང་བཤད་གྲྭའི་གཞི་རིམ་སློབ་གྲྭའི་རྒྱུགས་སྤྲོད་རྩེར་སོན་རྣམས་ལ་བྱ་དགའ་གསོལ་རས་གནང་ཞིང་། མཁན་པོ་ཆོས་དབྱིངས་ལྷུན་འགྲུབ་མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་བཤད་གྲྭ་དང་བཤད་གྲྭའི་གཞི་རིམ་སློབ་གྲྭའི་རྒྱུགས་སྤྲོད་རྩེར་སོན་རྣམས་ལ་བྱ་དགའ་གསོལ་རས་གནང་།

སླར་ཡང་རྟོགས་ལྡན་ཆོས་ཀྱི་བློ་གྲོས་མཆོག་གིས་ཕྱི་ལོ་ ༢༠༢༡ ལོའི་མཐོ་སློབ་ཁང་གི་དགེ་རྒན་དང་ལས་བྱེད་རྣམས་ལ་ཁ་བཏགས་གཡོགས་གནང་མཛད་པ་དང་། ལྷན་བཞུགས་འདྲ་པར་སྐྱོན་གནང་མཛད། དེ་ནས་མཁན་པོ་བྱམས་པ་ཡོན་ཏན་མཆོག་གིས་དམིགས་གསལ་གཞུང་ཆེན་བློ་རྒྱུགས་འཕྲོད་མཁན་གྱི་སློབ་གཉེར་པ་བཅུ་དང་། སློབ་ཞོར་ལྷག་བསམ་རྣམ་དག་གིས་ཞབས་ཞུ་མཛད་མཁན་སློབ་གཉེར་བ་འགའ་ཞིག་ལ་གཟིགས་བཟོས་དང་དམིགས་བསལ་གསོལ་རས་གནང་བ་དང་། མཇུག་ཏུ་ཆོས་ཁྲིམས་པ་སློབ་དཔོན་ངག་དབང་ཆོས་བཟང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུའི་གསུང་བཤད་གནད་སྨིན་གནང་རྗེས་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད།

མདོར་ན་ ༢༠༡༩ ལོར་བསླབ་པ་མཐར་ཕྱིན་པ་དགེ་འདུན་པ་བདུན་དང་། ༢༠༡༩ ལོར་ཕར་ཕྱིན་རབ་འབྱམས་པ་བཅུ་དྲུག །དེ་བཞིན་ ༢༠༢༠ ལོར་ཕར་ཕྱིན་རབ་འབྱམས་པ་བཅུ་བཞི། ༢༠༡༩ དང་ ༢༠༢༠ སྟེ་ལོ་གཉིས་རིང་ཁམས་སྒར་བཤད་གྲྭ་དང་། དེའི་གཞི་རིམ་སློབ་གྲྭ་བཅས་པའི་སློབ་གཉེར་པ་རྩེར་སོན་ཆིག་བརྒྱ་གྱ་གསུམ་ (༡༨༣ )ཐམ་པ་ལ་གཟིགས་བཟོས་གསོལ་རས་བསྩལ་བ་དང་། ལོ་ངོ་དུ་མར་ལྷག་བསམ་རྣམ་དག་གིས་སློབ་གཉེར་གནང་ཞོར་དུ་དང་བླངས་དཀོར་གཉེར་མཛད་མཁན་གཅིག་དང་། ཕྱོགས་མཚུངས་ཆུ་སྟངས་འཛིན་མཛད་མཁན་དགེ་འདུན་པ་གསུམ་བཅས་ལ་བཤད་གྲྭའི་ཡིག་ཚང་ནས་ཐུགས་རྗེ་ལེགས་འབུལ་གནང་ཡོད་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།

Check Also

ཕྱི་ལོ་ ༢༠༢༡ ལོའི་སློབ་གླིང་འགོ་འཛུགས་གནང་བ།

ཕྱི་ལོ་ ༢༠༢༡ བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ལོའི་བོད་ཟླ་དང་པོའི་ཚེས་ ༡༨ ཉིན་མོ་འཕགས་ཡུལ་བྱང་ཕྱོགས་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་ལོ་མཇུག་གི་གུང་སེང་རྫོགས་ཏེ། ལོ་སྔོན་མའི་གུང་སེང་ནས་ཕེབས་མ་ཐུབ་པའི་དགེ་སློབ་རྣམས་ཀྱང་ལོ་འདིར་ཕེབས་ཐུབ་པ་བྱུང་ཡོད། འདི་ལོའི་ཆོས་ཁྲིམས་སོགས་ལས་སྣེ་ཁག་དང་། མཐོ་སློབ་འདི་དང་མཐོ་སློབ་འདིའི་གཞི་རིམ་སློབ་གྲྭ། གྲྭ་ཚང་གི་སློབ་གྲྭ། འབྲེལ་ཡོད་དགོན་སྡེ་ཁག་ཏུ་དཔེ་ཁྲིད་གནང་མཁན་སོགས་གཏན་ཁེལ་བཀོད་སྒྲིག་ཞུས། བོད་ཚེས་ ༢༠ ཉིན་དྭགས་བརྒྱུད་སྙིང་པོ་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པའི་སྲོག་ཤིང་ཆེན་པོ། …

Leave a Reply

Your email address will not be published. Required fields are marked *

Show Buttons
Hide Buttons