༈དཔལ་༧རྒྱལ་བ་མདོ་ཁམས་པ་ཆེན་པོ་མཆོག་གིས་བཀྲ་ཤིས་ལྗོངས་སྡེ་དགོན་གཉིས་དང་འབྲེལ་ཡོད་ལོ་ན་བཅོ་བརྒྱད་ནས་ཞེ་བཞིའི་བར་གྱི་སེར་སྐྱ་ཡོངས་ལ་ཏོག་དབྱིབས་གཉན་རིམ་འགོག་ཁབ་རིམ་པ་དང་པོ་བཀའ་དྲིན་བསྐྱངས། དེ་ཡང་གནས་ཡུལ་རྒྱ་གར་དུ་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པའི་ཛ་དྲག་ཆེ་བའི་སྐབས་འདིར། ༧སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ལམ་སྟོན་དང་མཐུན་འགྱུར་འོག །བཀྲ་ཤིས་ལྗོངས་སྡེ་དགོན་གཉིས་དང་། བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་། བྱང་ཆུབ་ལྗོངས་རྡོ་རྫོང་དགོན་པ་བཅས་ཀྱི་ལོ་ན་བཅོ་བརྒྱད་ནས་ཞེ་བཞིའི་བར་གྱི་སེར་སྐྱ་ཡོངས་དང་། འབྲེལ་ཡོད་ཁག་ལ་འགོག་ཁབ་རིམ་པ་དང་པོ་བརྒྱབ་ཅིང་། ནད་ཡམས་སྔོན་འགོག་གི་ལས་དོན་ཆེད་དུ་བོད་ཀྱི་འབྲས་ནད་ཚོགས་པར་སྔ་ཕྱིར་ཧིན་སྒོར་འབུམ་གཉིས་ ༢༠༠༠༠༠|དང་། རྡ་སའི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པར་སྒོར་འབུམ་གཅིག་ ༡༠༠༠༠༠|བཅས་གནང་བ་དང་། སྔ་ཕྱིར་ས་གནས་རྒྱ་གར་ཡུལ་མི་རྣམས་ལ་ཟ་འབྲུའི་སོགས་སྦྱིན་གཏོང་རྒྱ་ཆེར་གནང་ཡོད། གཞན་ཡང་འདི་ག་བཀྲ་ཤིས་ལྗོངས་ཀྱི་གཞིས་ཁོངས་བྱང་ཨ་རི་དང་ཡོ་རོབ་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྡོད་བྱེད་མཁན་འབྲེལ་ཡོད་ཁག་གིས་མ་སྐུལ་དང་བླངས་ཀྱིས། བཀྲ་ཤིས་ལྗོངས་སྡེ་དགོན་གཉིས་སུ་ནད་ཡམས་སྔོན་འགོག་ཆེད་དུ་དཔལ་འབྱོར་ཕུལ་འབྱོར་བྱུང་བ་དེ་དག །འདི་ག་སྡེ་དགོན་གཉིས་དང་། བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་། བྱང་ཆུབ་ལྗོངས་རྡོ་རྫོང་དགོན་པ། འབྲུག་བདེ་ཆེན་ཆོས་འཁོར་གླིང་། འཛི་སྒར་དགོན་པ་བཅས་པར་སྲོག་རླུངས་དབུགས་སྣོན་དང་། རླངས་རྔུབ་འཕྲུལ་ཆས། གདོང་ཁེབས། སྲོག་རླུང་ཚད་འཛིན། ཁ་རས། ནད་འགོག་གྱོན་ཆས། དུག་སེལ་སྨན་ཆུ་སོགས་དང། ས་གནས་རྒྱ་གར་ཡུལ་མི་མང་པོ་ལའང་ནད་ཡམས་སྔོན་འགོག་གི་ཡོ་ཆས་གོང་ཞུས་དེའི་རིགས་ཉོ་སྒྲུབ་དང་བགོ་འགྲིམ་གནང་དགོས་པའི་ལམ་སྟོན་གནང་བ་ལྟར་ཕུལ་ཡོད་པ་བཅས་སོ། །༡༥/༦/༢༠༢༡/
Check Also
| • ༢༠༢༣ བསླབ་པ་མཐར་སོན་གྱི་མཛད་སྒོ།
|| • ༢༠༢༣ བསླབ་པ་མཐར་སོན་གྱི་མཛད་སྒོ། བོད་རྒྱལ་ལོ་ ༢༡༥༠ བོད་ཟླ་ ༢ ཚེས་ ༡༦ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་མོར་འདི་ག་འཕགས་ཡུལ་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ། ཕྱི་ལོ་ ༢༠༢༢ ལོའི་བཤད་གྲྭའི་བསླབ་པ་མཐར་སོན་པ་རྣམས་ལ་སློབ་ཐོན་པའི་ཕྱག་ཁྱེར་དང་། ཕར་ཕྱིན་རབ་འབྱམས་པ་རྣམས་ལ་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར། …