གཙོ་ངོས། / གཟིགས་སྐོར། / ཕྱི་ལོ་༢༠༢༡ ལོའི་བཤད་གྲྭའི་བསླབ་པ་མཐར་སོན་རྣམས་ཀྱི་མཛད་སྒོ།

ཕྱི་ལོ་༢༠༢༡ ལོའི་བཤད་གྲྭའི་བསླབ་པ་མཐར་སོན་རྣམས་ཀྱི་མཛད་སྒོ།

བོད་རྒྱལ་ལོ་༢༡༤༩ རབ་གནས་ཆུ་སྟག་ལོའི་བོད་ཟླ་དང་པོའི ཚེས་ ༢༨ དང་། ཕྱི་ལོ་ ༢༠༢༢། ༣། ༣༠ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན། འདི་ག་འཕགས་ཡུལ་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ། གུས་རྟག་སྦྱོར་བའི་བརྩོན་པ་ལྷུར་བཞེས་པས་གཞུང་ཆེན་བཀའ་པོད་ལྔ་སོགས་ལ་གསན་སྦྱངས་མཐའ་རྒྱ་བཅད་པའི་བཤད་གྲྭའི་སློབ་གཉེར་བ་ཁག་ལ་སྔར་སྲོལ་བཞིན་ཕྱི་ལོ་ ༢༠༢༡ ལོའི་བསླབ་པ་མཐར་སོན་པའི་ཕྱག་འཁྱེར་གནང་བ་དང་། བསྡུས་གྲྭ་བློ་རྟགས་ནས་ཕར་ཕྱིན་ལོ་རིམ་གསུམ་བར་རིགས་ལམ་བརྒལ་བརྟག་གི་སྒོ་ནས་སྦྱང་བརྩོན་དཔྱིས་ཕྱིན་པ་གནང་བའི་སློབ་གཉེར་བ་ཁག་གཅིག་ལ་ཕར་ཕྱིར་རབ་འབྱམས་པའི་ཕྱག་འཁྱེར་གནང་བ་དང་། སློབ་གཉེེར་བ་རྩེ་ཕུད་ཁག་ཅིག་ལ་སྐྱོར་དཔོན་གྱི་མཚན་གནས་ཕུལ་བ། དེ་བཞིན་བཤད་གྲྭའི་གཞི་རིམ་སློབ་གྲྭའི་འཛིན་གྲྭ་བརྒྱད་པ་ཐོན་མཁན་རྣམས་ལ་གཞི་རིམ་སློབ་ཐོན་པའི་ཕྱག་འཁྱེར་གནང་བ་དང་།

བཤད་གྲྭའི་སློབ་གཉེར་བ་རྒྱུགས་འབྲས་རྩེར་སོན་རྣམས་དང་། བཤད་གྲྭའི་གཞི་རིམ་སློབ་གྲྭའི་ལོ་སྔོན་མའི་རྒྱུགས་འབྲས་ཨང་རིམ་རྩེར་སོན་རྣམས་ལ་ལེགས་གསོལ་བྱ་དགའ་འབུལ་རྒྱུ་བཅས་ཀྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་གནང་ཡོད།དེའང་སྔ་དྲོའི་ཕྱག་ཚོད་ ༡༠ པའི་ཐོག་ཏུ་མཁན་སྤྲུལ་རྟོགས་ལྡན་རྣམ་པ་དང་དགེ་འདུན་པ་རྣམས་བཞུགས་གྲལ་འཁོད་མཚམས་སུ། དཀོན་མཆོག་རྗེས་དྲན་གྱི་མདོ་དང་། ཡན་ལག་བརྒྱད་པ་སོགས་གསུངས་ཏེ་མཛད་སྒོ་དབུ་འཛུགས་གནང་ཞིང་། བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བྱམས་པ་ཡོན་ཏན་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་བ་དང་། སློབ་སྟོན་པ་མཁན་པོ་བློ་གསལ་བཟང་པོ་མཆོག་གིས་བཀའ་སློབ་གནང་གྲུབ་མཚམས། འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དང་དངུལ་གཉེར་གཅིག་ལྕོགས་སློབ་དཔོན་ཐུབ་བསྟན་དགེ་ལེགས་མཆོག་གིས་སློབ་ཐོན་པ་རྣམས་ཀྱི་མཚན་ཐོ་སྒྲོགས་སྦྱང་གནང་བ་དང་སྦྲགས། དཔལ་༧རྒྱལ་བ་མདོ་ཁམས་པའི་སྐུ་ཚབ་རྟོགས་ལྡན་མཐུ་སྟོབས་ཉི་མ་མཆོག་གིས་སློབ་ཐོན་པ་གྲངས་བརྒྱད་དང་། ཕར་ཕྱིན་རབ་འབྱམས་པ་གྲངས་དགུ། སྐྱོར་དཔོན་གྲངས་ལྔ། བཤད་གྲྭའི་གཞི་རིམ་སློབ་ཐོན་པ་གྲངས་བཅུ་བཅས་ལ་ཕྱག་འཁྱེར་བསྩལ་གནང་བ་དང་།

མཁན་པོ་བློ་གསལ་བཟང་པོ་མཆོག་གིས་ལོ་སྔོན་མའི་བཤད་གྲྭའི་སློབ་གཉེར་བ་རྒྱུགས་འབྲས་རྩེར་སོན་རྣམས་དང་། བཤད་གྲྭའི་གཞི་རིམ་སློབ་གྲྭའི་ཡིག་རྒྱུགས་གྲུབ་འབྲས་རྩེར་སོན་པ་རྣམས་ལ་ལེགས་གསོལ་བྱ་དགའ་གནང་བ་དང་། སྤྲུལ་སྐུ་སྤོབས་པ་མཆོག་གིས་དམིགས་བསལ་བློ་རྒྱུགས་དང་ཕར་ཕྱིན་ལོ་གསུམ་དང་། ཚད་མ་ལོ་གཉིས་བཅས་ཀྱི་རིང་ཨང་རིམ་དང་པོར་སོན་པ་དང་། ཟུར་སྦྱོང་སྐད་ཡིག་རྒྱུགས་འབྲས་རྩེར་སོན་བཅས་ལ་ལེགས་གསོལ་བྱ་དགའ་གནང་ཡོད་པ་དང་། དཔལ་༧རྒྱལ་བ་མདོ་ཁམས་པའི་སྐུ་ཚབ་རྟོགས་ལྡན་མཐུ་སྟོབས་ཉི་མ་མཆོག་གིས་བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་ཀྱི་རྒྱུན་ལས་དང་ཚོགས་མི་མཁན་སློབ་དགེ་ལས་རྣམས་ལ་རྟེན་འབྲེལ་མཇལ་དར་གནང་ཡོད།
བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བྱམས་པ་ཡོན་ཏན་མཆོག་གིས་བཤད་གྲྭའི་སློབ་གཉེར་བའི་ཁོངས་ནས་དཀོར་གཉེར་དང་ཆུ་གློག་སོགས་ལ་ལྟ་རྟོག་གནང་མཁན་རྣམས་ལ་ལེགས་གསོལ་བྱ་དགའ་གནང་བ་དང་། མཇུག་མཐར་ཆོས་ཁྲིམས་སློབ་དཔོན་ཉི་མ་རྒྱལ་མཚན་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་རྗེས་བསྟན་རྒྱས་སྨོན་ལམ་སོགས་ཀྱི་མཐར་བརྒྱན་ཏེ་མཛད་སྒོ་རྒྱལ་ཁའི་ངང་ནས་མཇུག་ལེགས་པར་གྲུབ་ཡོད། །

Check Also

ཀུན་མཁྱེན་པདྨ་དཀར་པོའི་འདས་མཆོད།

ཧོར་ཟླ་བདུན་པའི་ཚེས་བཅོ་ལྔ་ལ་ཀུན་མཁྱེན་རྫོགས་པའི་སངས་རྒྱས་མི་ཕམ་པད་མ་དཀར་པོ་དགོངས་པ་ཆོས་དབྱིངས་སུ་མཉམ་པར་བཞག་པའི་རྗེས་དྲན་གྱི་ཚུལ་དུ། དེ་རིང་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་མཁན་སློབ་དང་། བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་གི་མཁན་སློབ་མཉམ་བཞུགས་འོག་སྔ་དྲོའི་ཆར་གཞུང་ཆེན་ལྔའི་བགྲོ་གླེང་དང་། ཕྱི་དྲོའི་ཆར་དམ་བཅའ་ཆེན་མོ་ཚོགས་པའི་པར་བརྙན།

Leave a Reply

Your email address will not be published. Required fields are marked *

Show Buttons
Hide Buttons